འོས་བསྡུའི་འགན་འཛིན་ལས་འཕར་གཉིས་ནས་དམ་བཅའ་ཕུལ།

འོས་བསྡུའི་འགན་འཛིན་ལས་འཕར་རྣམ་གཉིས་ནས་ལས་འཁུར་དམ་བཅའ་ཕུལ་ཟིན་རྗེས་འོས་བསྡུའི་ལས་རིམ་དངོས་སུ་མགོ་འཛུགས་དགོས་ཀྱི་ཡོད་པས་གང་མགྱོགས་གསར་འགོད་གསལ་བསྒྲགས་གནང་འཆར་འདུགདེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ པའི་ཐོག་བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་ཚོགས་ཁང་དུ། ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་དང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་བཅས་དབུ་བཞུགས་ཐོག སྒྲོལ་མ་གླིང་བཙུན་དགོན་གྱི་དཔེ་འཁྲིད་དགེ་རྒན་དགེ་བཤེས་མ་བདེ་ལེགས་དབང་མོ་ལགས་དང་། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་ཆེན་མོ་སྤྱི་ཟུར་བསོད་ནམས་རྒྱལ་མཚན་ལགས་གཉིས་ཀྱིས། ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གི་དྲུང་ནས་བཙན་བྱོལ་བོད་མིའི་འོས་བསྡུའི་འགན་འཛིན་ལས་འཕར་གྱི་ལས་འཁུར་དམ་བཅའ་ཕུལ་སོང་།

དམ་འབུལ་མཛད་སྒོ་གྲུབ་རྗེས་འོས་བསྡུའི་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་མཆོག་གིས། འོས་བསྡུའི་སྒྲིག་གཞིའི་དོན་ཚན་ ༥༣ ལྟར་དུ་བྱས་ན། ཁོང་རྣམ་གཉིས་ཀྱི་དམ་འབུལ་མཛད་སྒོ་ཞུས་པ་ནས་བཟུང་དངོས་སུ་འོས་བསྡུའི་ལས་རིམ་དབུ་བཙུགས་པ་ཡིན་ཞེས་བཀོད་ཡོད་པ་རེད། དེར་བརྟེན་གང་མགྱོགས་གསར་འགོད་པ་རྣམ་པ་གདན་འདྲེན་ཞུས་ཏེ་སྙན་གསེང་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

འགན་འཛིན་ལས་འཕར་དུ་བསྐོ་གཞག་བྱུང་བའི་དགེ་བཤེས་མ་བདེ་ལེགས་དབང་མོ་ལགས་ཀྱིས་གསར་འགོད་པར། ང་ཚོའི་ཕྱི་ལོ་ ༢༠༢༡ གི་བོད་མི་མང་གི་སྤྱི་འཐུས་དང་སྲིང་སྐྱོང་གི་འོས་བསྡུ་དེ་གལ་ཆེན་པོ་དང་གནད་འགག་ཆེན་པོ་རེད། འོས་བསྡུའི་འགན་འཛིན་ལ་ཕྱག་རོགས་ཞུ་མཁན་ཞིག་ཁེལ་བ་དེར་དང་པོ་ང་རང་དངངས་སྐྲག་ལྟ་བུ་སྐྱེས་བྱུང་། གཅིག་ནས་ང་ལ་དེའི་སྐོར་ཉམས་མྱོང་ཞེ་དྲགས་མེད་སྟབས། གང་འདྲ་ཆགས་ཡོང་བསམ་པའི་ཚོར་སྣང་བསླེབས་བྱུང་། ཡིན་ནའང་། དེ་གནད་འགག་ཆེན་པོ་ཞིག་ཡིན་པ་དང་། ང་ཚོ་མི་རེ་ངོ་རེ་ལ་འགན་ཞིག་ཡོད་དུས། འགན་སོ་སོའི་སྒང་ལ་བསླེབས་ཡོང་དུས་དངོས་གནས་དྲང་གནས་ལྷག་བསམ་རྣམ་དག་གི་ཐོག་ནས་འོས་བསྡུའི་འགན་འཛིན་དང་། ཁོང་གི་ཕྱག་རོགས་རྣམ་གཉིས་ལ་གང་ཐུབ་ཐུབ་ཞུ་དགོས་སྙམ་པའི་ཆོད་སེམས་བརྟན་པོ་བསླེབས་བྱུང་། ཞེས་བརྗོད་བྱུང་།དེ་ནས་འགན་འཛིན་ལས་འཕར་སྤྱི་ཟུར་བསོད་ནམས་རྒྱལ་མཚན་ལགས་ཀྱིས། ད་ལྟ་རྒྱ་གར་ནང་ནད་ཡམས་འཕར་བཞིན་པའི་སྐབས་འདིར། འོས་བསྡུ་ཞིག་འགྲོ་དགོས་ཀྱི་ཡོད་སྟབས། གང་འདྲ་བྱས་ནས་འགྲོ་དགོས་ཀྱི་ཡོད་མེད་ཐད་ད་ལྟ་ཚོད་དཔག་ཐུབ་ཀྱི་ཡོད་པ་མ་རེད་དེ། གང་ལྟར་འོས་བསྡུའི་ལས་འཕར་དུ་བདམས་ཐོན་བྱུང་རྗེས། ད་ལྟའི་འོས་བསྡུའི་ལས་རིམ་དེ་ཡག་པོ་བྱས་ནས་འགྲོ་ཐུབ་རྒྱུ་ཞིག་དང་ལེགས་གྲུབ་བྱུང་རྒྱུར་རེ་བ་དང་སྨོན་ལམ་ཡོད། ཅེས་བརྗོད་བྱུང་།བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞིའི་དོན་ཚན་ ༥༣ པའི་ནང་། སྤྱི་འཐུས་དང་སྲིད་སྐྱོང་གི་འོས་བསྡུ་ནམ་དགོས་སྐབས་འོས་བསྡུའི་འགན་འཛིན་ལས་འཕར་གཉིས་ཀྱིས་ལས་འཁུར་དམ་འབུལ་ཞུས་པ་ནས་འོས་བསྡུའི་ལས་རིམ་འགོ་འཛུགས་བྱེད་པ་དང༌། དངོས་གཞིའི་གྲུབ་འབྲས་གསལ་བསྒྲགས་བྱས་པའི་ཉིན་སྐབས་དེའི་འོས་བསྡུའི་ལས་དོན་གྲུབ་པར་ངོས་འཛིན་བྱེད་དགོས། ཞེས་བཀོད་ཡོད་པ་ལྟར། དེ་རིང་ནས་སྲིད་སྤྱིའི་འོས་མིར་བཞེངས་བློ་ཡོད་རིགས་ནས་མངོན་གསལ་དོད་པོས་དྲིལ་བསྒྲགས་ཀྱི་ལས་འགུལ་རིགས་སྤེལ་ཆོག་པ་མ་ཟད། མི་འགྱངས་བར་དབུས་འོས་བསྡུ་ལས་ཁང་ངོས་ནས་འོས་བསྡུ་དང་འབྲེལ་བའི་ཡོངས་ཁྱབ་གསལ་བསྒྲགས་ཀྱང་སྤེལ་གནང་རྒྱུ་ཡིན་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༨/༠༣

Leave a Reply

One thought on “འོས་བསྡུའི་འགན་འཛིན་ལས་འཕར་གཉིས་ནས་དམ་བཅའ་ཕུལ།

  1. བསོད་ནམས་རྒྱལ་མཚན།

    ཨ་ནེ་དགེ་བཤེས་མ་བཏང་ནས་ ར་བཟི་མཁན་མང་པོ་འདུག དགེ་བཤེས་བཏང་ཚར་ན་ སྟོད་འགག་སེར་པོ། སྟོད་འགག་སེར་པོ་དགེ་བཤེས་ཀྱི་ཨེ་ཡིན། དེ་འདྲ་ཡིན་ན་ རྒྱུད་སྟོད་གྲྭ་ཚང་དགེ་བཤེས་ཚོ་སྟོད་འགག་སེར་པོ་བཞེས་ཀྱི་མེད། བླ་ཆེན་ཁག་སྐྱབས་རྗེ་རྣམས་པ་གཉིས། ཟོང་རིན་པོ་ཆེ། ཟམ་གདོང་རིན་པོ་ཆེ་མཆོག ཁོང་རྣམས་པ་དགེ་བཤེས་ནི་ཐོན་ཟིན། སྟོད་འགག་སེར་པོ་བཞེས་མི་དགོས་དོན་ཅི་ཡིན། ༧གོང་ས་མཆོག་ནས་་་ ངའི་སྟོད་འགག་སེར་པོ་དེ་ རྒྱུད་སྨད་གྲྭ་ཚང་གི་གསོལ་རེ་གནང་བྱུང་གསུངས་ཡོད། ཇོ་མོ་ཚོ་ དགེ་བཤེས་མ་བཏང་ཚར་ན་ ར་བཟི་མ་ཁྲབ་པར་ སྤྱོད་པ་འདུལ་ཐབས་འབད་དགོས།