ཡུ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་ལ་ཚོང་འབྲེལ་སྔར་ལས་ཇེ་ཉུང་དུ་གཏོང་འཆར་འདུག

ཡུ་རོབ་མཐུན་ཚོགས་ཀྱིས་རྒྱ་གཞུང་གི་ཡུ་རོབ་དུམ་བུར་གཏོང་ཐབས་ཀྱི་ངན་བྱུས་ལ་གདོང་ལེན་ཤུགས་སྣོན་བྱ་རྒྱུ་དང་ཚོང་འབྲེལ་ཇེ་ཉུང་དུ་གཏོང་རྒྱུ་ཡིན་པས་ཚོགས་ཁོངས་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་འཛེམས་ཟོན་མི་དགོས་སྐོར་འབོད་སྐུལ་གནང་།རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། དེ་རིང་འཇར་མན་གཞུང་གི་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་ལས་དོན་ འཇར་མན་གཞུང་གི་ཡུ་རོབ་མཐུན་ཚོགས་ཀྱི་ལས་དོན་སྒྲུབ་མཁན་སྐུ་ཚབ་འཇར་མན་བློན་ཆེན་མཱ་ཁེལ་རོ་ཐི་(Michael Roth)ལགས་ཀྱིས། རྒྱ་ནག་གཞུང་གིས་ཧོང་ཀོང་ནང་དྲག་གནོན་གྱི་ཆབ་སྲིད་ལག་བསྟར་བྱེད་བཞིན་པའི་སྐབས་འདིར། ཡུ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་དང་ཚོང་འབྲེལ་ཇེ་ཉུང་དུ་གཏང་རྒྱུ་ཡིན་སྟབས། ཡུ་རོབ་མཐུན་ཚོགས་ཀྱི་རྒྱལ་ཁབ་ཁག་གིས་རྒྱ་ནག་གཞུང་ལ་སུན་གཙེར་བཟོ་བར་འཛེམས་ཟོན་བྱེད་མི་དགོས་པའི་འབོད་སྐུལ་གནང་འདུག

འཇར་མན་བློན་ཆེན་མཱ་ཁེལ་རོ་ཐི་ལགས་ཀྱིས། འདི་ལོར་འཇར་མན་གཞུང་གིས། ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་ཁོངས་རྒྱལ་ཁབ་ ༢༧ མཉམ་འབྲེལ་བྱས་ཏེ། རྒྱ་ནག་གིས་ཡུ་རོབ་དུམ་བུར་གཏོང་ཐབས་ཀྱི་བྱུས་ངན་འཐེན་བཞིན་པར་གདོང་ལེན་འབད་བརྩོན་བྱ་རྒྱུ་མ་ཟད། ཧྭ་ཝེ་བཟོ་ཚོང་ཁང་ནས་ཚད་རིམ་ལྔ་བའི་དྲ་ལམ་མཐུད་རྒྱུར་བསམ་བློ་སྔོན་ལ་གཏོང་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག

ཡང་བློན་ཆེན་མཱ་ཁེལ་རོ་ཐི་ལགས་ཀྱིས། ཡུ་རོབ་མཐུན་ཚོགས་ཀྱི་རྒྱལ་ཁབ་ཁག་ལ་རྒྱ་ནག་དང་ལྷན་དུ་འགྲོ་བ་མིའི་ཐོབ་ཐང་དང་བདེ་སྲུང་། འཕྲུལ་རིག་དང་འབྲེལ་དཀའ་ངལ་འཕྲད་སྐབས། རྒྱ་ནག་གཞུང་ལ་སུན་པོ་བཟོ་བར་ཞེད་སྣང་བྱེད་དགོས་མེད། ང་ཚོས་རྒྱ་ནག་དང་ལྷན་དུ་མཉམ་འབྲེལ་བྱས་པའི་ཁྲོད་སོ་སོའི་མངོན་འདོད་གསལ་བརྗོད་དང་སྦྲགས། འགྲོ་བ་མིའི་ཐོབ་ཐང་དང་བདེ་སྲུང་གི་དཀའ་ངལ་སེལ་དགོས་ཀྱི་ཡོད། ཅེས་བརྗོད་ཡོད་འདུག

ཐེངས་འདིའི་འཇར་མན་གཞུང་གི་རྒྱ་ནག་ལ་བཟུང་བའི་ལངས་ཕྱོགས་ནི་ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ལངས་ཕྱོགས་ལྟར། རྒྱ་ནག་གི་གྲོང་ཁྱེར་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཀྱི་དཀའ་ངལ་དང་དམིགས་བསལ་ཧོང་ཀོང་ནང་བདེ་འཇགས་ཁྲིམས་གསར་ཟེར་བ་ལག་བསྟར་བྱས་པ་སོགས་ལ་ངོ་རྒོལ་བྱེད་ཆེད་ཡིན་པ་དང་། གནད་དོན་དེའི་སྐོར་ལ་བློན་ཆེན་མཱ་ཁེལ་རོ་ཐི་ལགས་ཀྱིས། འཇར་མན་གཞུང་གིས་ཧོང་ཀོང་ལ་ཉེས་ཅན་རྩིས་སྤྲོད་ཀྱི་གྲོས་ཆོད་མཚམས་འཇོག་བྱས་པ་དེས། རྒྱ་ནག་གཞུང་ལ་བརྡ་ལན་གསལ་བོ་ཞིག་སྤྲད་ཡོད། ཧོང་ཀོང་ནི་རྒྱ་ནག་རྒྱལ་སྤྱིའི་སྟེང་ཚོང་འབྲེལ་མཉམ་ལས་བྱེད་འོས་མིན་ཐད་ཚོད་ལྟ་བྱེད་ཡུལ་ཞིག་ཆགས་ཡོད་པར་བརྟེན། ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་བར་གྱི་ཚོང་འབྲེལ་སྔར་བཞིན་གནས་ཐུབ་ཀྱི་མེད། ཅེས་བརྗོད་ཡོད་འདུགགཞན་ཡང་། སིད་སུའི་ཕྱི་སྲིད་བློན་ཆེན་ཁཱ་སིསི་(Ignazio Cassis)ལགས་ཀྱིས། རྒྱ་ནག་དྲང་པོའི་ལམ་དུ་མི་ཞུགས་པར་འགྱུར་འགྲོ་ཡི་ཡོད་པ་དང་། གལ་སྲིད་རྒྱ་ནག་མུ་མཐུད་དེ་ལྟར་འགྲོ་རྒྱུ་ཡིན་ན། ནུབ་ཕྱོགས་རྒྱལ་ཁབ་ཚོས་དེ་ལས་ལྷག་གིས་རྒྱ་ནག་ལ་ལན་སློག་རྒྱུ་ཡིན། ཞེས་རྒྱ་ནག་ལ་ཉེས་བརྡ་བཏང་ཡོད་པ་དང་། ད་ལྟ་རྒྱ་ནག་གིས་ཧོང་ཀོང་ནང་ཁྲིམས་གསར་ལག་བསྟར་བྱེད་བཞིན་པ་དེས་ཧོང་ཀོང་ནང་ཡོད་པའི་སུད་སིའི་བཟོ་གྲྭ་མང་པོ་ཞིག་ལ་གྱོང་གུད་ཐེབས་ཀྱི་ཡོད་འདུག

ཡུ་རོབ་མཐུན་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་འགན་འཛིན་འཇར་མན་རྒྱལ་ཁབ་ནི་ཡུ་རོབ་ཀྱི་དཔལ་འབྱོར་སྟོབས་ཤུགས་ཆེ་ཤོས་ཡིན་པ་དང་། ད་སྔ་བར་ཡུ་རོབ་མཐུན་ཚོགས་ཀྱི་དཔལ་འབྱོར་སྲ་བརྟན་གྱི་ཀ་བ་ལྟ་བུ་ཆགས་ཡོད་སྟབས། འཇར་མན་གྱི་སྣེ་འཁྲིད་འོག་རྒྱ་ནག་ལ་ཁ་གཏད་གཅོག་པར་ཡུ་རོབ་རྒྱལ་ཁབ་ཁག་གིས་འདོད་མོས་སྟོན་གྱི་ཡོད་དང་། ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་བར་ཕྱི་ལོ་ ༡༩༧༥ ནས་མཉམ་འབྲེལ་མགོ་བརྩམས་ཤིང་། ཕྱི་ལོ་ ༢༠༡༩ ལོའི་ཚོང་འབྲེལ་གནས་བབ་ལྟར་ན། ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་བར་ཁྱོན་ཨ་སྒོར་ཐེར་འབུམ་ ༥༥༩ ཚོང་ལས་འབྲེལ་བ་ཡོད་པ་དང་དེ་ནི་འཛམ་གླིང་གི་ཚོང་འབྲེལ་ཆེ་ཤོས་ཨང་རིམ་ ༢ པ་དེ་ཆགས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༨/༠༣

Leave a Reply