ཆབ་སྲིད་བཙོན་ཟུར་ཨ་མ་ཨ་བདེ་ལགས་འདས་གྲོངས་སུ་ཕྱིན།

མི་ལོ་ ༢༧ ལྷག་རིང་རྒྱའི་བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་མྱངས་བའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཨ་མ་ཨ་བདེ་ལགས་དེ་རིང་ཞོགས་པར་དྷ་རམ་ས་ལའི་རང་ཤག་ཏུ་འདས་གྲོངས་སུ་ཕྱིན་འདུག

ཨ་མ་ལགས་ཀྱི་ཚ་བོས་འདི་གའི་གསར་འགོད་པར། དེ་སྔོན་ཨ་མ་ལགས་ཀྱི་རྐང་པ་ཆགས་ནས་སྨན་ཁང་ནང་ཟླ་བ་གསུམ་ཙམ་བསྡད་རྗེས་ཅུང་དྲག་སྟེ་ཕྱིར་རང་ཁྱིམ་དུ་བསླེབས་ཡོད་པ་དང་། དེ་ནས་ཟླ་བ་བརྒྱད་ཙམ་ཕྱིན་ཡོད་ལ། དེ་རིང་ཞོགས་པར་ནད་མནར་དམིགས་བསལ་མེད་པར་འདས་གྲོངས་སུ་ཕྱིན་ཡོད་སྐོར་དང་། ཟླ་གཅིག་གོང་ནས་ཨ་མ་ལགས་ཀྱི་མཆོད་རྫས་ཚང་མ་༧གོང་ས་མཆོག་ལ་ཕུལ་ཟིན་ཡོད་སྐོར་བརྗོད་བྱུང་།

ཨ་མ་ཨ་བདེ་ལགས་ནི་ཕྱི་ལོ་ ༡༩༣༢ ལོར་བོད་དཀར་མཛེས་ཉག་རོང་རྫོང་དུ་སྐྱེས་ཤིང་། ཕྱི་ལོ་ ༡༩༤༩ ལོར་རྒྱ་དམག་གིས་བོད་ཁམས་སུ་བཙན་འཛུལ་བྱེད་སྐབས། རྒྱ་དམག་ལ་འཐབ་རྒོལ་བྱེད་མཁན་ཐོག་མའི་གྲས་ཀྱི་ནང་ཡོད་པ་དང་། ཕྱི་ལོ་ ༡༩༥༨ ལོར་ཁོང་མོ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ། ཕྱི་ལོ་ ༡༩༨༥ བར་བཙོན་འཇུག་མནར་གཅོད་མྱངས་ཡོད་པ་དང་། ཕྱི་ལོ་ ༡༩༨༧ ལོར་བལ་ཡུལ་བརྒྱུད་རྒྱ་གར་ནང་སྐྱབས་བཅོལ་དུ་འབྱོར་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་ཏེ། བོད་ནང་གི་གནས་སྟངས་རྣམས་ཇི་བཞིན་སྙན་གསེང་ཞུས་ཡོད་པ་རེད།

ཁོང་མོ་དེ་ནས་བཟུང་བཞུགས་སྒར་དྷ་རམ་ས་ལར་གཏན་སྡོད་གནང་སྟེ།  རྒྱལ་སྤྱིའི་རྒྱལ་ཁབ་ཁག་ནང་ཆེད་སྐྱོད་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་སོགས་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་སྲིད་དོན་གནད་ཡོད་མི་སྣ། གསར་འགོད་པ་སོགས་ལ་ཐུག་འཕྲད་ཀྱིས་བོད་ནང་གི་བོད་མི་ཚོའི་གནས་སྟངས་དངོས་དང་། བོད་ཀྱི་བདེན་པའི་འཐབ་རྩོད་ཐད་གཏམ་བཤད་དང་བཅར་འདྲི། ཁོང་མོ་རང་གི་སྐུ་ཚེའི་མྱོང་བ་དངོས་དང་འབྲེལ་ནས་རྒྱ་ནག་གཞུང་གིས་བོད་ཀྱི་ཆབ་སྲིད་བཙོན་པ་དང་བོད་མི་ཚོར་མནར་གཅོད་ག་འདྲ་གཏོང་བཞིན་པ་སོགས་ངོ་སྤྲོད་གནང་སྟེ། བཙན་གནོན་འོག་ཡོད་པའི་བོད་ནང་གི་བོད་མི་ཚོའི་མགྲིན་ཚབ་པ་གནང་སྟེ་བོད་དོན་དྲིལ་བསྒྲགས་ཤུགས་ཆེན་གནང་ཡོད་པ་དང་། ཁོང་མོ་རང་གི་མི་ཚེའི་ལོ་རྒྱུས་༼དྲན་པར་འོས་པའི་ཨ་མ་ཨ་བདེའི་འབོད་སྒྲ༽ཞེས་པའི་དེབ་ཅིག་ཀྱང་པར་སྐྲུན་འགྲེམས་སྤེལ་གནང་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༨/༠༣

Leave a Reply