རྒྱ་ནག་དང་ཐའེ་ཝན་གཅིག་འགྱུར་བྱ་རྒྱུ་ཡིན་ཟེར།

རྒྱ་ནག་རྒྱལ་ཡོངས་བདེ་སྲུང་ལྷན་ཁང་གི་མགྲིན་ཚབ་པས་རྒྱ་ནག་གཞུང་གིས་ཐའེ་ཝན་དང་གཅིག་འགྱུར་བྱ་རྒྱུ་ཡིན་པས་ཨ་རི་སོགས་ཀྱིས་ཐའེ་ཝན་བེད་སྤྱད་དེ་རྒྱ་ནག་ལ་ཐེ་བྱུས་བྱེད་པ་མཚམས་འཇོག་དགོས་པའི་འབོད་སྐུལ་བྱས།ཟླ་འདིའི་ཕྱི་ཚེས་ ༡ ཉིན་རྒྱ་ནག་རྒྱལ་ཡོངས་བདེ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་རིན་ཀོ་ཆིང་ (Ren Guoqiang) གིས་གཏམ་བཤད་ཅིག་སྤེལ་ཏེ།  རྒྱ་ནག་གི་ཁོངས་སུ་ཐའེ་ཝན་དང་གཅིག་འགྱུར་བྱ་རྒྱུ་ཡིན་པས་ ཨ་རི་སོགས་ཀྱིས་ཐེ་བྱུས་བྱེད་ཐབས་ལ་འབད་པ་ནི་འབྲས་མེད་ཞིག་དང་ཉེན་ཁ་ཅན་ཞིག་ཡིན་སྐོར་བརྗོད་དོན། ང་ཚོའི་ངོས་ནས་ཨ་རིས་རྒྱ་ནག་གཅིག་གི་སྲིད་བྱུས་དང་། ཨ་རྒྱའི་དབར་བཞག་པའི་ཡོངས་ཁྱབ་བསྒྲགས་གཏམ་གསུམ་ལ་བརྩི་བཀུར་གྱིས། ཐའེ་ཝན་ལ་དམག་དོན་གྱིས་མཚོན་པའི་འབྲེལ་ལམ་རིགས་གཅོད་དགོས་པ་མ་ཟད། འབྱུང་འགྱུར་འདི་ལྟ་བུའི་གནད་དོན་རིགས་མི་ལྷག་རྒྱུའི་ཁས་ལེན་བྱ་དགོས་པའི་རེ་སྐུལ་ཞུ་ཡི་ཡོད། ཅེས་བརྗོད་འདུག

ཡང་ཁོས། ཐའེ་ཝན་ནི་རྒྱ་ནག་གི་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་། རྒྱ་ནག་ཆིག་སྒྲིལ་ནི་ཐའེ་ཝན་གྱི་མ་འོངས་པ་ཡིན་ཞིང་། ཐའེ་ཝན་ནང་ཡོད་པའི་བློ་མཐུན་རྣམ་པའི་བདེ་འཇགས་ཡང་དེ་ལ་བརྟེན་ཡོད། ཐའེ་ཝན་གྱིས་ཕྱིའི་རྒྱབ་སྐྱོར་ལ་རེ་བཅོལ་བྱེད་ཐབས་མེད་པ་མ་ཟད། ཨ་རིས་ཐའེ་ཝན་བཀོལ་སྤྱོད་བྱས་ཏེ་རྒྱ་ནག་ལ་སྟངས་འཛིན་བྱ་རྒྱུ་དེ་ལམ་ལྷོངས་འབྱུང་མི་སྲིད། ཅེས་ཉེན་བརྡ་བཏང་ཡོད་པ་མ་ཟད། ཨ་རིའི་བདེ་སྲུང་དྲུང་ཆེ་མཱག་ཨེ་སི་པར་ (Mark Esper) ལ་རྒྱ་ནག་གཞུང་གིས་དཔལ་འབྱོར་ཀྱི་ཉེས་ཆད་གཅོད་བཞིན་ཡོད་སྐོར་བརྗོད་འདུག

རིན་ཀོ་ཆིང་གིས། ཨ་རི་རྒྱལ་སྤྱིའི་སྒྲིག་འཛུགས་དང་ཆིངས་ཡིག་མང་པོ་ནས་ཕྱིར་ཐོན་བྱས་ཡོད་ཀྱང་། རྒྱ་ནག་ངོས་ནས་དེ་ལས་ལྡོག་སྟེ། རྒྱལ་སྤྱིའི་ཁྲིམས་སྒྲིག་དང་འགན་འཁུར་དག་ཕྲག་ཏུ་བླངས་ནས། ཨ་རི་རྒྱལ་སྤྱིའི་འཕྲོད་བསྟེན་སྒྲིག་འཛུགས་ནས་ཕྱིར་ཐོན་བྱས་པའི་ཉིན་མོ་དེ་རང་ལ། རྒྱ་ནག་རྒྱལ་སྤྱིའི་གོ་མཚོན་ཚོང་འགྲེམ་ཆིངས་ཡིག་ (Arms Trade Treaty) ནང་ཞུགས་པ་རེད། ཅེས་དང་། ཨ་རིས་རྒྱ་གར་ཞི་བདེ་རྒྱ་མཚོའི་ཁུལ་གྱི་དམག་སྦྱོང་ནང་ཞུགས་ཏེ་འུད་ཤོབ་བཤད་ཡོད་པ་མ་ཟད། མངོན་གསལ་དོད་པོས་རྒྱ་ནག་ལ་ཁ་གཏད་གཅོག་ཆེད་དཔུང་སྒྲིག་བྱས་ཡོད། ང་ཚོས་ཨ་རིས་འཛམ་གླིང་ཞི་བདེ་དང་ས་གནས་ཀྱི་བརྟན་བརླིང་གཏོར་བཅོམ་མི་གཏོང་རྒྱུ་དང་། རྒྱལ་ཁབ་ཕན་ཚུན་དབར་འགལ་ཟླ་མི་བསྐྲུན་རྒྱུའི་རེ་སྐུལ་ཞུ་ཡི་ཡོད། ཅེས་བརྗོད་འདུག

འདི་ལོའི་ཕྱི་ཟླ་ ༧ པའི་ནང་། ཐའེ་ཝན་གྱི་བདེ་སྲུང་ཡར་རྒྱས་གཏོང་ཆེད་ཨ་རིའི་གཞུང་གིས་ཨ་སྒོར་ས་ཡ་ ༦༢༠ ཡི་མེ་ཤུགས་འཕུར་མདེལ་སོགས་བཙོང་རྒྱུ་ཁས་ལེན་དང་། ཕྱི་ཟླ་ ༥ ནང་ཨ་སྒོར་ས་ཡ་ ༡༨༠ ཙམ་གྱི་མཚོན་ཆ་བཙོང་རྒྱུ་ཁས་ལེན་བྱས་ཡོད་པ་རེད་ལ། ཨ་རིའི་མི་ལོ་ ༤༠ ཡི་ཐའེ་ཝན་གྱི་མཛའ་འབྲེལ་ཁྲིམས་ (40-year-old Taiwan Relations Act) ཞེས་པའི་དགོངས་དོན་འོག ཐའེ་ཝན་ལ་ཡང་ཡང་མཚོན་ཆ་འཚོང་གི་ཡོད་པ་ལ་རྒྱ་ནག་གཞུང་གིས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་རྡོག་རོལ་བཏང་བ་དང་། རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱེད་བཞིན་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།

ཐའེ་ཝན་གཞུང་གིས་མཚོན་ཆ་དེ་དམག་འཁྲུག་འགོག་ཐབས་དང་རྒྱལ་ནང་གི་བདེ་སྲུང་སྲ་བརྟན་ཡོང་ཆེད་སྤྱོད་རྒྱུ་ཡིན་སྐོར་བརྗོད་ཀྱི་ཡོད་པ་དང་། ཉེ་ལམ་གྱི་ཐའེ་ཝན་སྲིད་འཛིན་འོས་བསྡུའི་སྐབས། ལྕམ་ཚའེ་ཡེ་ཝིན་ (Tsai Ing-wen)མཆོག་གིས་ཁོང་མོའི་སྐབས་གཉིས་པའི་སྲིད་འཛིན་གྱི་ལས་འཁུར་སྐབས། ཐའེ་ཝན་གྱི་བདེ་སྲུང་མཚོན་ཆ་ཡར་རྒྱས་གཏང་རྒྱུ་ཡིན་སྐོར་གྱི་ཁས་ལེན་གནང་ཡོད་པ་རེད།

རྒྱ་ནག་གཞུང་གིས་ཐའེ་ཝན་ནི་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་པ་དང་། རྒྱལ་ཁབ་གཅིག་ལ་ལམ་གཉིས་ཀྱི་སྲིད་བྱུས་འོག་ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོངས་སུ་ཕྱིར་ལོག་དགོས་པ་དང་། ཐའེ་ཝན་གྱི་རང་བཙན་འགོག་ཐབས་སུ་ཐབས་ལམ་གཞན་མེད་ཚེ། དྲག་དམག་གིས་བཙན་འཛུལ་བྱ་རྒྱུ་ཡིན་པའི་འཇིགས་སྐུལ་བྱེད་ཀྱི་ཡོད་ནའང་། ཕྱི་ལོ་ ༢༠༡༦ ལོར་ཐའེ་ཝན་གྱི་དམངས་གཙོ་ཚོགས་པའི་ཚའེ་ཡེ་ཝིན་སྲིད་འཛིན་དུ་འོས་འདེམས་བྱུང་བ་ནས་བཟུང་། ཕྱོགས་གཉིས་ཀྱི་འབྲེལ་བ་ཇེ་སྡུག་ཏུ་ཕྱིན་པ་དང་། ཐའེ་ཝན་ནི་སྔར་ནས་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པའི་ལངས་ཕྱོགས་མཁྲེགས་པོར་བཟུང་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༨/༠༣

Leave a Reply