ཉེན་རྟོག་པས་ཞི་བའི་གཟུངས་སྔགས་བྲིས་ཏེ་ལས་གནས་ནས་ཕུད།

རྒྱ་ནག་ཅི་ལིན་ཉེན་རྟོག་མགོ་གཙོ་གཞོན་པ་ཞིག་གིས་ནང་དོན་དམིགས་བསལ་མེད་པའི་ཞི་བའི་གཟུངས་སྔགས་ཞེས་པའི་དེབ་ཅིག་བྲིས་པའི་རྐྱེན་གྱིས་རྒྱལ་ཁབ་ལ་ཁྱད་གསོད་བྱས་པའི་ནག་ཉེས་འོག་ལས་གནས་ནས་ཕུད་འདུག

རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་བྱང་ཤར་ཅི་ལིན་(Jilin)ཞིང་ཆེན་ཉེན་རྟོག་ཁང་གི་ཉེན་རྟོག་དཔོན་གཞོན་པ་ཧེ་དྷན(He Dian)ཞེས་པ་ཞིག་གིས། ཞི་བའི་གཟུངས་སྔགས་ཞེས་པའི་དཔེ་དེབ་ཅིག་གསར་རྩོམ་བྱས་ཏེ་ཚིག་ཕྲེང་ཁག་ཅིག་བསྐྱར་ཟློས་བྱས་ཏེ་ཤོག་གྲངས་ ༣༠༠ ལྷག་ཡོད་པ་ཞིག་དཔར་སྐྲུན་བྱས་པར་བརྟེན། རྒྱ་ནག་གཞུང་གིས་རྒྱལ་ཁབ་ལ་ཁྱད་གསོད་དང་ནང་དོན་ལ་རྒྱུ་མཚན་མེད་སྐོར་བརྗོད་ནས་ཁོ་རང་ལས་གནས་ནས་ཕུད་ཡོད་འདུག

དེ་འབྲེལ་གནས་ཚུལ་ནང་ཅི་ལིན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་ཁོའི་དེབ་ལ་གནད་དོན་ཡོད་སྐོར་བརྗོད་ནས་འདྲི་ཞིབ་བྱེད་བཞིན་ཡོད་པ་དང་། ཁ་སང་ཡུལ་དེའི་ཉེན་རྟོག་ཁང་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཉེན་རྟོག་དཔོན་གཞོན་ཧེ་དྷན་ལས་གནས་ནས་ཕྱིར་འཕུད་བཏང་ཡོད་སྐོར་བརྗོད་ཡོད་པ་ལས། གཞན་ཁོང་ལ་མ་འོངས་པར་ཁྲིམས་བཤེར་དང་ཉེས་ཆད་ག་རེ་གཅོད་མིན་སོགས་གསལ་ཁ་གང་ཡང་མེད་ན་ཡང་། རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་ལ་གནས་ཚུལ་མཁོ་སྤྲོད་བྱེད་མཁན་ཞིག་གིས། ཡུལ་དེའི་ཉེན་རྟོག་ཁང་གི་ལས་མི་ཚོས་ཉིན་ལྟར་ཁོང་གི་དཔེ་དེབ་དེ་ཞལ་འདོན་ལྟར་སྐྱོར་བཞིན་ཡོད་སྐོར་བརྗོད་འདུག

ཁོའི་དཔེ་དེབ་དེ་སྔར་ལོའི་ཕྱི་ཟླ་ ༡༢ པའི་ནང་ལ་དཔར་སྐྲུན་བྱས་ཡོད་པ་དང་། དཔེ་དེབ་ཀྱི་ནང་དོན་གཙོ་བོ་རྒྱ་ནག་གི་མེ་འཁོར་འབབ་ཚུགས་བདེ་འཇགས་ཡོང་བར་བྱ།  པེ་ཅིན་མེ་འཁོར་འབབ་ཚུགས་བདེ་འཇགས་ཡོང་བར་བྱ། ཞི་ཨན་མེ་འཁོར་འབབ་ཚུགས་བདེ་འཇགས་ཡོང་བར་བྱ།  ཧྲང་ཧེ་མེ་འཁོར་འབབ་ཚུགས་བདེ་འཇགས་ཡོང་བར་བྱ་ཅེས་རྒྱ་ནག་གྲོང་ཁྱེར་ཁག་ཚང་མའི་མིང་གོ་རིམ་བཞིན་བྲིས་ཏེ་བདེ་འཇགས་ཡོང་བའི་སྨོན་ལམ་བརྒྱབ་ཡོད་པ་དང་། དེ་བཞིན་ལོ་ཚད་འདྲ་མིན་གྱི་མི་ཚང་མ་བདེ་འཇགས་ཡོང་བར་བྱ་ཅེས་པའི་ལེ་ཚན་ནང་། གསར་སྐྱེས་ཕྲུ་གུ་བདེ་འཇགས་ཡོང་བར་བྱ། ཟླ་གཅིག་ཕྲུ་གུ་བདེ་འཇགས་ཡོང་བར་བྱ། ཉིན་བརྒྱའི་ཕྲུ་གུ་བདེ་འཇགས་ཡོང་བར་བྱ། ལོ་གཅིག་ཕྲུ་གུ་བདེ་འཇགས་ཡོང་བར་བྱ་ལྟ་བུ་རིམ་པ་བཞིན་བསྐྱར་ཟློས་བྱས་ཡོད་པ་ཞིག་ཡིན་འདུག

ད་ལྟའི་ཆར་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཁོ་ལས་གནས་ནས་ཕུད་པ་དང་འབྲེལ། ཁོའི་དཔེ་དེབ་ཀྱི་ནང་དོན་ཐད་གླེང་སློང་ཤུགས་ཆེན་བྱེད་བཞིན་ཡོད་པ་དང་། རྒྱ་ནག་གི་ཤེས་ཡོན་པ་དང་སྙན་ངག་པ་སོགས་ཀྱིས་ཁོའི་དཔེ་དེབ་དེའི་དོན་དངོས་སུ་ཅི་ཞིག་སྟོན་བཞིན་ཡོད་མེད་ལ་བགྲོ་གླེང་བྱུང་གི་ཡོད་པ་མ་ཟད། སྤྱི་ཚོགས་དྲ་ལམ་ཁག་ཏུ་དཔེ་དེབ་དེར་ནང་དོན་གང་ཡང་མེད་པའི་སྐྱོན་བརྗོད་བྱེད་མཁན་དང་། ཁ་ཤས་ཀྱིས་ཁོས་དཔེ་དེབ་དེ་ལྟ་བུ་ཞིག་འབྲི་དོན་རྒྱ་ནག་དམར་ཤོག་ཚོགས་པའི་ལས་བྱེད་ཚོས་ཆོས་བྱེད་མི་ཆོག་པས། ཁོས་རང་གི་སེམས་ཁམས་བདེ་ཐང་ཡོང་ཆེད་གསར་བཟོ་བྱས་པ་ཡིན་ཚུལ་སོགས་བརྗོད་བཞིན་འདུག

ཉེན་རྟོག་པ་ཧེ་དྷན་ནི་ཁྲིམས་ལུགས་རིག་པའི་སློབ་དཔོན་གྱི་བསླབ་གནས་ཐོན་མཁན་ཞིག་དང་། ཉེན་རྟོག་དཔོན་གཞོན་པའི་གོ་གནས་ཡོད་པ་མ་ཟད། རྒྱ་ནག་ནང་ཤེས་ཡོན་པའི་གོ་ཐོབ་ཡོད་པའི་རྩོམ་པ་པོ་ཞིག་ཀྱང་ཡིན་པ་དང་། ཁོས་དེ་སྔ་བརྗོད་གཞི་འདྲ་མིན་གྱི་དཔེ་དེབ་ ༣༠ ཙམ་དཔར་སྐྲུན་དང་། རྒྱ་ནག་ནང་ཁུལ་གྱི་དུས་དེབ་ཁག་གི་སྟེང་ཆེད་རྩོམ་སྣ་ཚོགས་བྲིས་ཡོད་འདུག

གསར་འགོད་པ། སངས་རྒྱས་དོན་མཆོག

བསྐྱར་བཅོས།: ༢༠༢༠/༠༨/༠༣

Leave a Reply