ཏོག་ནད་འབྱུང་ཁུངས་སྟོན་རྒྱུ་མེད་པར་ཞིབ་འཇུག་མཇུག་བསྡུས།

རྒྱལ་ཚོགས་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ཟླ་གསུམ་མ་ཟིན་ཙམ་རིང་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་ནད་འབྱུང་ཁུངས་ལ་ཞིབ་འཇུག་བྱས་རྗེས་གྲུབ་དོན་གང་ཡང་མ་བསྒྲཊ་པར་ལས་གཞི་མཇུག་བསྡུས་ཡོད་འདུག

ཁ་སང་ཕྱི་ཚེས་ ༣ ཉིན། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕྲོད་བསྟེན་ལྷན་ཚོགས་ནས་གསར་འགོད་གསལ་བསྒྲགས་ཤིག་དང་བསྟུན། ཉེ་སྔོན་ཕྱི་ཟླ་ ༥ ཟླ་མགོ་ནས་འཕྲོད་བསྟེན་ལྷན་ཚོགས་ཀྱི་སྣེ་ཁྲིད་འོག་ཆེད་མཁས་པས། རྒྱ་ནག་ནང་ཏོག་དབྱིབས་རིམས་ནད་ཀྱི་འབྱུང་ཁུངས་སྐོར་ལ་ཞིབ་འཇུག་གི་ལས་དོན་མཇུག་སྒྲིལ་ཡོད་པ་དང། ཐེངས་འདིའི་ཞིབ་འཇུག་ལས་དོན་དེས་མ་འོངས་པར་ཏོག་ནད་འབྱུང་ཁུངས་རྩད་ཞིབ་ཐད། རྨང་གཞི་ཆེན་པོ་ཞིག་བསྐྲུན་ཡོད་སྐོར་བརྗོད་པ་ལས་གྲུབ་དོན་ག་རེ་བྱུང་སོགས་གང་ཡང་བསྒྲགས་མེད་སྟབས། འཛམ་གླིང་མི་མང་གིས་ཟླ་བ་མང་པོར་རེ་ལྟོས་ཆེན་པོ་བྱས་པའི་ལས་དོན་དེ་ཕྱི་ཚུལ་ཙམ་ཞིག་དང་། རྒྱ་ནག་གཞུང་གིས་འཕྲོད་ལྷན་ལ་དགོས་ངེས་གནས་ཚུལ་མཁོ་སྤྲོད་བྱས་མེད་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་འདུག

གནད་དོན་དེའི་ཐད་འཕྲོད་བསྟེན་ལྷན་ཚོགས་ཀྱི་འགན་འཛིན་སྐུ་ཞབས་ཊི་དྷི་རོ་སི་ཨ་དྷི་ནོམ་(Tedros Adhanom Ghebreyesus)གྱིས།  ང་ཚོའི་ངོས་ནས་རྒྱལ་སྤྱིའི་ནད་འབུ་ཆེད་མཁས་པ་དང་སེམས་ཅན་འཕྲོད་བསྟེན་ཆེད་མཁས་པ་སོགས་རྒྱ་ནག་ནང་ཆེད་གཏོང་གིས། རྒྱ་ནག་གི་ནད་འབུ་ཆེད་མཁས་པ་ཚོ་དང་མཉམ་འབྲེལ་གྱིས་ཏོག་དབྱིབས་རིམས་ནད་དེ་སེམས་ཅན་ནས་མི་ལ་ག་འདྲ་མཆེད་པའི་སྐོར་ལ་ཞིབ་འཇུག་ལས་གཞི་སྤེལ་ཡོད་པ་དང་། ད་ལྟ་ལས་གཞི་དེ་ཡོངས་སུ་མཇུག་སྒྲིལ་ཡོད་པ་དང་། ཞིབ་འཇུག་ལས་དོན་དེས་མ་འོངས་པར་ཏོག་ནད་འབྱུང་ཁུངས་རྩད་ཆོད་ཐད་རྨང་གཞི་ཆེན་པོ་ཞིག་གཏིང་ཡོད་པ་རེད། ཅེས་བརྗོད་འདུག

དེ་བཞིན་གསལ་འགོད་གསལ་བསྒྲགས་དེའི་སྟེང་ཁོས། ཏོག་དབྱིབས་རིམས་ནད་ནི་མིའི་རིགས་ཀྱི་ལོ་རྒྱུས་ཁྲོད་ཀྱི་འཕྲོད་བསྟེན་གྱི་ཉམས་ཉེས་ཆེན་པོ་ཞིག་ཡིན་པ་དང་། ད་ལྟའི་ཆར་འཛམ་གླིང་ཡོངས་སུ་ཏོག་དབྱིབས་རིམས་ནད་སྔོན་འགོག་སྨན་ཁབ་བཟོ་ཆེད་ཚ་ཚ་འུར་འུར་ངང་ནས་འགྲན་བསྡུར་བྱེད་བཞིན་ཡོད་ཀྱང་། གཅིག་བྱས་ན་ཏོག་དབྱིབས་རིམས་ནད་འདིར་སྔོན་འགོག་སྨན་ཁབ་རྩ་བ་ནས་ཨེ་ཡོད་མི་ཤེས་པས། རྒྱལ་ཁབ་ཁག་གིས་ཏོག་ནད་འགོས་ཁྱབ་མི་འགྲོ་ཆེད་མི་མང་ལ་གཞི་རྩའི་འཕྲོད་བསྟེན་ཤེས་བྱ་སྟེ། ཁ་རས་གྱོན་པ་དང་ལག་པ་དཀྲུ་བ། ཕན་ཚུན་བར་ཐག་འཇོག་པ། བརྟག་དཔྱད་བྱེད་པ་སོགས་ཀྱི་ལས་དོན་ཁག་བྱེད་པར་སྐུལ་མ་བྱེད་དགོས་སྐོར་བརྗོད་འདུག

ཉེ་སྔོན་ཕྱི་ཟླ་ ༧ ཚེས་ ༢༩ ཉིན། ཉེ་སྔོན་ཨ་རིར་བྲོས་བྱོལ་དུ་བསླེབས་པའི་རྒྱ་ནག་ནས་ཡིན་པའི་ནད་འབུ་ཆེད་མཁས་པ་ལི་མིན་ཡན་(Li Meng-Yan)ལགས་ཀྱིས། ཨ་རིའི་ཕོ་བྲང་དཀར་པོའི་སློབ་སྟོན་པ་ཟུར་པ་སྐུ་ཞབས་སི་ཊི་ཝིན་བྷ་ནོ(Stephen Bannon)ལགས་དང་གླེང་མོལ་ཞིག་གི་སྐབས། ཏོག་དབྱིབས་རིམས་ནད་ནི་སེམས་ཅན་དང་ཝུ་ཧན་ཤ་ཚོང་ཁྲོམ་ར་སོགས་གང་ནས་ཀྱང་ཡོང་བ་མ་ཡིན་པར། རྒྱ་ནག་དམར་ཤོག་ཚོགས་པའི་དམག་གཞུང་གིས་ནད་འབུ་བརྟག་དཔྱད་ཁང་ཞིག་ནས་བཟོས་པ་དང་། ང་ལ་གནད་དོན་དེའི་ཐད་དཔང་རྟགས་ཧ་ཅང་མང་པོ་ཡོད་ལ། ནད་འབུ་དེ་སར་སི་སོགས་རྒྱ་ནག་དམག་གཞུང་ལ་བདག་པའི་ནད་འབུའི་རྒྱུ་ཆ་ཡོད་ན་ལག་རྩལ་དང་བརྟག་དཔྱད་ཁང་ཆེན་པོ་སོགས་ཆེན་པོ་མི་དགོས་པར། ལས་སླ་བོས་བཟོ་ཐུབ་པ་དང་ཁྱེད་ཚོས་ང་ལ་བདུན་ཕྲག་ཁ་ཤས་ཀྱི་དུས་ཚོད་སྤྲད་ན་ངས་ཀྱང་བཟོ་ཐུབ་པ་ཞིག་རེད། དེ་སྔོན་ནས་ངས་ཏོག་ནད་སྐོར་ནས་ཤེས་རྟོགས་བྱུང་བའི་གནས་ཚུལ་རྣམ་གོང་རིམ་སྨན་པ་ཚོར་ཡར་ཞུ་བྱས་ན་ཡང་། སྨན་པ་ཚོས་གནས་ཚུལ་དེ་རིགས་ཕྱི་བསྒྲགས་བྱེད་མི་རུང་བའི་བཀོད་ཁྱབ་བཏང་སྐོར་སོགས་བརྗོད་ཡོད་པ་རེད།

ཏོག་དབྱིབས་རིམས་ནད་འཛམ་གླིང་ཡོངས་སུ་རྒྱ་ཁྱབ་ཏུ་ཕྱིན་པ་དང་བསྟུན། རྒྱལ་སྤྱིའི་སྟེང་རྒྱ་ནག་གིས་ཏོག་དབྱིབས་རིམས་ནད་ཀྱི་འབྱུང་ཁུངས་སྦས་གསང་དང་། འཕྲོད་བསྟེན་ལྷན་ཚོགས་ཀྱིས་ལས་དོན་ཡག་པོ་མ་བྱས་པའི་སྐྱོན་བརྗོད་དང་ཁ་རྡུང་ཤུགས་ཆེར་བསླེབས་པར་བརྟེན། འདི་ལོའི་ཕྱི་ཟླ་ ༥ ཚེས་ ༡༠ ནས་བཟུང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་རྒྱ་ནག་ནང་ཆེད་མཁས་པ་ཁག་ཅིག་ཆེད་གཏོང་གིས་རྒྱ་ནག་ཝུ་ཧན་ནས་ཏོག་དབྱིབས་རིམས་ནད་ཀྱི་འབྱུང་ཁུངས་སྐོར་ལ་ཞིབ་འཇུག་བྱས་ཡོད་ཀྱང་། རྒྱལ་སྤྱིའི་སྟེང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཞིབ་འཇུག་ལས་དོན་དེ་ནི་ཕྱི་ཚུལ་ཙམ་ལས། རྒྱ་ནག་གཞུང་གིས་ཏོག་ནད་ཀྱི་འབྱུངས་ཁུངས་ཐད་འཕྲོད་བསྟེན་ལྷན་ཚོགས་ལ་དགོས་ངེས་ཀྱི་གནས་ཚུལ་མཁོ་སྤྲོད་བྱས་མེད་སྐོར་བརྗོད་བཞིན་ཡོད་པ་རེད།

རྒྱལ་སྤྱིའི་སྟེང་ཏོག་ནད་དེ་རྒྱ་ནག་གིས་ཆེད་དམིགས་བཟོ་སྐྲུན་བྱས་པའི་དོགས་གཞི་དང་། རྒྱ་ནག་གཞུང་གིས་ཏོག་ནད་གནས་ཚུལ་སྦས་གསང་བྱས་ཡོད་པའི་སྐྱོན་བརྗོད་ཤུགས་ཆེན་ཡོང་བཞིན་པ་དང་བསྟུན། རྒྱ་ནག་གཞུང་གིས་ཏོག་ནད་ཀྱི་གནད་དོན་ཁ་ཕྱོགས་གཞན་ལ་བསྒྱུར་ཆེད་ཐབས་ལམ་འདྲ་མིན་འཐེན་བཞིན་ཡོད་པ་མ་ཟད། དེ་སྔོན་ཏོག་ནད་ཁྱབ་གདལ་ཕྱིན་མ་ཐག་ཁ་རས་དང་སྲུང་སྐྱོབ་གྱོན་ཆས་རྒྱལ་ཁབ་ཁག་ལ་ཕྱིར་གཏོང་གིས་ཏོག་ནད་ཀྱི་སྐྱོན་བརྗོད་འགོག་ཐབས་བྱས་པ་དང་། དེ་བཞིན་བར་སྐབས་ནས་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་མངའ་ཁུངས་བདག་དབང་གི་རྩོད་པ་བསླངས་ཏེ་ཏོག་ནད་ཁ་བསྒྱུར་ཐབས་དང། ད་ལྟའི་ཆར་རྒྱ་ནག་གིས་གང་མགྱོགས་ཏོག་ནད་འགོག་ཁབ་བཟོ་ཐུབ་གྲབས་ཡོད་པས། རྒྱལ་ཁབ་ཁག་དང་འགོག་ཁབ་མཉམ་སྤྱོད་དང་རྒྱལ་ཁབ་སྐྱོ་བོའི་རིགས་ལ་རིན་མེད་མཁོ་སྤྲོད་བྱ་རྒྱུ་ཡིན་ཚུལ་བརྗོད་ཀྱི་ཡོད་པ་རེད།

ད་ལྟའི་ཆར་འཛམ་གླིང་ཡོངས་སུ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཕྱིན་ཏེ་ཟླ་ ༨ ཙམ་འགྲོ་བཞིན་ཡོད་པ་ལས། དེ་རིང་གི་གྲངས་འབོར་ལྟར་ན་འཛམ་གླིང་ཡོངས་སུ་མི་གྲངས་ས་ཡ་ ༡༨.༡ ལ་ཏོག་ནད་འགོས་ཡོད་པ་དང་། མི་གྲངས་ ༦༩༠.༠༠༠ འདས་གྲོངས་སུ་སོང་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༨/༠༤

Leave a Reply