ཞི་བདེའི་དབུ་ཁྲིད་ཅིག་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་མཛད་འདུག

༧གོང་ས་མཆོག་གིས་བྱང་ཨ་རིར་ལེན་ཌིའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་རྗོན་ཧུམ་ལགས་འདས་གྲོངས་སུ་ཕྱིན་པར་ཤུལ་ལུས་བཟའ་ཟླ་སོགས་ལ་ཐུགས་གསོའི་གསུང་འཕྲིན་བསྩལ་འདུགདེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བྱང་ཨ་རིར་ལེན་ཌི་རྒྱལ་ཁབ་ཀྱི་ཕྱི་ལོ་ ༡༩༦༨ ནས་ ༡༩༩༨ བར་གྱི་རྩོད་རྙོག་འདུམ་འགྲིག་ཐད་མཛད་རྗེས་རླབས་ཆེན་བཞག་ཅིང་། ཕྱིས་སུ་འཛམ་གླིང་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་རྗོན་ཧུམ་ (John Hume) ལགས་འདས་གྲོངས་སུ་གྱུར་བར། དམ་པ་ཁོང་གི་སྐུ་ཟླའི་མཚན་ཐོག་ལ་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་ཏེ། སྐུ་ཞབས་ཧུམ་ལགས་ཀྱི་ཞི་བདེའི་ཆོད་སེམས་དེས་མི་རྣམས་ཀྱི་སེམས་སུ་ཁོང་ཡུན་རིང་གནས་ཐུབ་པ་དང་ཁོང་གིས་དོན་སྙིང་ལྡན་པའི་མི་ཚེ་ཞིག་བསྐྱལ་ཡོད་སྐོར་གསུངས་འདུག

དེ་ཡང་ཐུགས་གསོའི་གསུང་འཕྲིན་ནང་། ངོས་རང་ཨ་རིར་ལེན་ཌིར་ཐེངས་འགའ་ཤས་སྐྱོད་སྐབས་ཁྱེད་ཀྱི་སྐུ་ཟླར་མཇལ་འཕྲད་བྱ་རྒྱུའི་བསྐལ་བ་ཐོབ་པར་དགའ་པོ་བྱུང་། ཁོང་གིས་གྲོས་མོལ་དང་གྲོས་བསྡུར་གྱི་སྟོབས་ཤུགས་ལ་ཡིད་ཆེས་བརྟན་པོས་རྩོད་རྙོག་འདུམ་འགྲིག་གི་ལམ་དུ་ཞུགས་ཚུལ་ནི་ལྷག་བསམ་གཡོ་མེད་ཅིག་རེད། ཁོང་གིས་མགོ་འཁྲིད་དང་གྲོས་མོལ་གྱི་སྟོབས་ཤུགས་ལ་ཡིད་ཆེས་གནང་བའི་རྒྱུ་མཚན་གྱིས། ཕྱི་ལོ་ ༡༩༩༨ ལོའི་ཨ་རིར་ལེན་ཌིའི་རྩོད་རྙོག་ཞི་འགྲིག་གི་གྲོས་ཆིངས་ (Good Friday Agreement) དེ་ལེགས་གྲུབ་བྱུང་ཡོད། ཁོང་གིས་ང་ཚོ་ཚང་མར་མིག་དཔེ་བཟང་པོ་ཞིག་བསྟན་ཡོད། ཅེས་དང་།  སྐུ་ཞབས་ཧུམ་ལགས་ཀྱི་དཀའ་ཚེགས་ཆེ་ཆུང་ལ་མ་ལྟོས་པར་ཞི་བདེ་དང་འཚེ་མེད་ཞི་བའི་ལམ་ནས་རྩོད་རྙོག་འདུམ་འགྲིག་བྱ་རྒྱུའི་ཆོད་སེམས་དེས། ཁོང་ཉིད་མིའི་དྲན་པའི་ཡུལ་དུ་སྔར་ལས་རིང་བར་གནས་ངེས་པ་དང་། ཁོང་གིས་དོན་སྙིང་ལྡན་པའི་མི་ཚེ་ཞིག་བསྐྱལ་ཡོད་སྐོར་གསུངས་འདུག

བྷི་བྷི་སི་གསར་ཁང་གི་གནས་ཚུལ་ལྟར་ན། སྐུ་ཞབས་ཧུམ་ལགས་ཁ་སང་ཕྱི་ཚེས་ ༣ ཉིན་བྱང་ཨ་རིར་ལེན་ཌིའི་གྲོང་ཁྱེར་ལོན་ཊོན་ཌེ་རིར་ (Londonderry) སྙུང་གཞིའི་རྐྱེན་པས་དགུང་ལོ་ ༨༣ གྱི་ཐོག་འདས་གྲོངས་སུ་གྱུར་ཡོད་པ་དང་། སྐབས་དེར་བྱང་ཨ་རིར་ལེན་ཌིའི་གནད་ཡོད་མགོ་འཁྲིད་གཙོས་པའི་འཛམ་གླིང་གི་མགོ་འཁྲིད་མི་ཉུང་བས། དམ་པ་ཁོང་གི་ཤུལ་ལུས་ནང་མི་ཚོར་སེམས་གསོ་ཤུགས་ཆེན་གནང་ཡོད་འདུག དེ་ཡང་ཡུལ་དེའི་སྲིད་བློན་ཟུར་པ་སྐུ་ཞབས་ཊོ་ནི་བྷེ་ལེར་ (Tony Blair) ལགས་ཀྱིས། ཁོང་གིས་བྱང་ཨ་རིར་ལེན་ཌིའི་ཞི་བདེའི་ཆེད་ཕྱག་ལས་རླབས་ཆེན་གནང་ཡོད་ཅིང་། ལོ་རྒྱུས་ཀྱིས་ཁོང་ཉིད་དྲན་ངེས་པ་ཡིན། ཞེས་བརྗོད་འདུག གཞན་ཡང་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་བྷིལ་ཁི་ལེན་ཊོན་ (Bill Clinton) ལགས་ཀྱིས། ཁོང་གིས་བདམས་པའི་ལག་ཆ་ནི་ལྷག་བསམ་རྣམ་དག་གིས་འཚེ་མེད་ཞི་བ་དང་བྱམས་བརྩེར་བསྟེན་རྒྱུ་དེ་རེད། ཅེས་དང་། དེ་བཞིན་དབྱིན་ཡུལ་གྱི་སྲིད་བློན་བྷོ་རི་སི་ཇོན་སན་(Boris Johnson) ལགས་ཀྱིས། བྱང་ཨ་རིར་ལེན་ཌིས་རྩོད་རྙོག་འདུམ་འགྲིག་ལ་བྱས་རྗེས་རླབས་ཆེན་བཞག་པའི་མི་སྣ་ཞིག་བོར་སོང་། ཞེས་བློ་ཕམ་གནང་ཡོད་འདུགཕྱི་ལོ་ ༡༩༦༠ ལོའི་ལོ་མཇུག་ཙམ་ལ་བྱང་ཨ་རིར་ལེན་ཌིའི་ནང་། རྣམ་དག་ཡེ་ཤུ་ཆོས་ལུགས་ (Catholic) རྗེས་འབྲང་བ་ཕལ་ཆེ་བས་བྱང་ཨ་རིར་ལེན་ཌི་དེ་ཉིད་དབྱིན་ཡུལ་མཉམ་འབྲེལ་རྒྱལ་ཁབ་ (United Kingdom) ནས་མར་བཏོན་ཏེ་ལོགས་སུ་མཉམ་འབྲེལ་ཞིག་འཛུགས་འདོད་བྱས་ཡོད་ཀྱང་། ཡེ་ཤུ་ཆོས་ལུགས་གསར་མའི་ (Protestant) རྗེས་འབྲང་བ་རྣམས་ཀྱིས་བྱང་ཨ་རིར་ལེན་ཌི་དེ་ཉིད་མུ་མཐུད་དབྱིན་ཡུལ་མཉམ་འབྲེལ་ནང་གནས་རྒྱུའི་དགོས་འདུན་བཏོན་པའི་རྐྱེན་གྱིས། རྒྱལ་ཡོངས་ནང་མི་རིགས་རྒྱལ་ཞེན་རིང་ལུགས་ཀྱི་རྩོད་རྙོག་ཤུགས་ཆེར་བྱུང་བ་མ་ཟད། དེའི་རྐྱེན་པས་བྱང་ཨ་རིར་ལེན་ཌི་ཙམ་དུ་མ་ཟད་ཨ་རིར་ལེན་ཌི་སྤྱི་མཐུན་རྒྱལ་ཁབ་ (Republic of Ireland) དང་དབྱིན་ཡུལ། ཡུ་རོབ་དབུས་མ་བཅས་སུ་འཚེ་བའི་བྱ་སྤྱོད་ཁྱབ་སྟེ་གནས་སྟངས་ཛ་དྲག་ཏུ་གྱུར་ཡོད་པ་དེར་ཡོངས་གྲགས་སུ་བྱང་ཨ་རིར་ལེན་ཌིའི་རྩོད་རྙོག་ (Northern Ireland conflict) ཅེས་བརྗོད།

སྐུ་ཞབས་ཧུམ་ནི་ཕྱི་ལོ་ ༡༩༧༠ ལོར་བྱང་ཨ་རིར་ལེན་ཌིའི་དམངས་གཙོའི་སྤྱི་ཚོགས་དང་ངལ་རྩོལ་སྲིད་དོན་ཚོགས་པ་གསར་འཛུགས་བྱེད་མཁན་གྲས་སུ་ཡོད་ཅིང་། ཕྱི་ལོ་ ༡༩༦༠ ནང་གི་རྩོད་རྙོག་ཆེ་བའི་དུས་སྐབས་སུ་མི་མང་རང་བཞིན་གྱི་ལས་འགུལ་མི་ཉུང་བར་མཉམ་ཞུགས་བྱས་པ་མ་ཟད། ཕྱི་ལོ་ ༡༩༧༣ ལོར་ཡུལ་དེའི་གྲོས་ཚོགས་འཐུས་མིར་བདམས་ཐོན་བྱུང་སྟེ། གནས་སྟངས་ཞི་འགྲིག་གི་ཆེད་དུ་ཨ་རིར་ལེན་ཌི་སྤྱི་མཐུན་རྒྱལ་ཁབ་དང་དབྱིན་ཡུལ་མཉམ་འབྲེལ་རྒྱལ་ཁབ་བར་བཞག་པའི་གྲོས་ཆིངས་ཐད་ཤུགས་རྐྱེན་རླབས་ཆེན་པོ་བཞག་ཡོད་པ་རེད། དེ་ཡང་ཕྱི་ལོ་ ༡༩༩༨ ལོའི་ཕྱི་ཟླ་ ༤ ཚེས་ ༡༠ ཉིན་ཨ་རིར་ལེན་ཌི་སྤྱི་མཐུན་རྒྱལ་ཁབ་དང་དབྱིན་ཡུལ་མཉམ་འབྲེལ་རྒྱལ་ཁབ་དབར་ཞི་བདེའི་ཆིངས་ཡིག་བཞག་སྟེ། ལོ་ངོ་ ༣༠ ལྷག་གི་རྩོད་རྙོག་ཕལ་ཆེ་བ་ཞི་འགྲིག་ཐུབ་པ་བྱུང་ཡོད་ཅིང་། ལོ་དེར་སྐུ་ཞབས་རྗོན་ཧུམ་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ།  ཕྱིས་སུ་ཁོང་གིས་བྱང་ཨ་རིར་ལེན་ཌིའི་ཞི་བདེ་ལ་ཕྱག་ལས་རླབས་ཆེན་གནང་བའི་ངོས་འཛིན་དུ། འཛམ་གླིང་དུ་སྙན་གྲགས་ཆེ་བའི་གྷན་དྷི་ཞི་བདེའི་གཟེངས་རྟགས་ (Gandhi Peace Prize) དང་། མར་ཊིན་ལུ་ཐེར་ཁིང་གཟེངས་རྟགས་ (Martin Luther King Award) ཀྱང་ཕུལ་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༨/༠༤

Leave a Reply