བོད་རིགས་གཞོན་སྐྱེས་ཚོར་རྟེན་འབྲེལ་བསྟོད་པའི་བཀའ་ཁྲིད་དབུ་འཛུགས་མཛད།

༧གོང་ས་མཆོག་ནས་མི་སེམས་པ་བཟང་པོ་ཞིག་ཡིན་ན་བྱ་བྱེའུ་ཡིས་ཀྱང་དགའ་བོ་བྱེད་པ་དང་ཁོང་ཁྲོ་རྣམ་རྟོག་ཚ་བོ་ཞིག་ཡིན་ན་རང་བཞིན་གྱིས་མིའི་གྲལ་ནས་ཕུད་ཡོང་གི་ཡོད་སྐོར་བཀའ་སློབ་བསྩལ།དེ་རིང་ཕྱི་ཚེས་ ༤ ཉིན་གྱི་སྔ་དྲོར་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བོད་རིགས་གཞོན་སྐྱེས་རྣམས་ལ་ཉིན་གྲངས་ ༣ རིང་གི་རྟེན་འབྲེལ་བསྟོད་པའི་བཀའ་ཁྲིད་བརྙན་ལམ་བརྒྱུད་དབུ་འཛུགས་གནང་སོང་བ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ཆོས་ཟེར་བ་དེ་ནི་ལོ་སྟོང་ཕྲག་གཉིས་གསུམ་གོང་ནས་ཡོད་པ་ཞིག་དང་། ང་ཚོ་དུས་རབས་ཉེར་གཅིག་གི་ནང་དུ་བསླེབས་ཡོད་ལ། འཕྲུལ་རིག་ཡར་རྒྱས་དང་ཚན་རིག་ཡར་རྒྱས་ཕྱིན་པའི་ཐོག་ནས་དེ་སྔ་མིའི་བསམ་ཡུལ་ལ་མེད་པ་ཞིག་དེང་སྐབས་འཕྲུལ་ཆས་ཡར་རྒྱས་ཕྱིན་ཏེ་ང་ཚོས་དངོས་སུ་ལོངས་སུ་སྤྱོད་ཀྱི་ཡོད་པ་ཞིག་ཆགས་ཡོད་པ་རེད། དེ་འདྲ་ཞིག་གི་དུས་སྐབས་སུ་ཆོས་ཟེར་བ་དེར་འབྲེལ་བ་ག་རེ་ཡོད་རེད་ཅེས་བཤད་སྙིང་འདོད་ཀྱི་ཡོད་པ་རེད། ལོ་སྟོང་ཕྲག་རིང་ཡོད་པའི་ཆོས་ཟེར་བ་དེ་གཙོ་བོ་མིར་དཀའ་ངལ་འཕྲད་པའི་སྐབས། བློ་འཇོག་ས་ཞིག་སྟེ་སངས་རྒྱས་དང་དཀོན་མཆོག་ཟེར་བ་ཞིག་སླེབས་ཀྱི་འདུག དེང་སྐབས་དངོས་ཡོད་འཛམ་གླིང་འདིའི་སྟེང་དུ་མི་གྲངས་ཐེར་འབུམ་ ༧ ཙམ་ཡོད་པ་དེ་ཚོའི་ནང་ཆོས་ཡོད་མཁན་དང་མེད་མཁན། ལྷག་པར་དུ་ཆོས་ལ་སྐྱོན་དུ་བལྟས་ནས་ཆོས་ལ་ངོ་རྒོལ་བྱེད་མཁན་ཞིག ཆོས་ལ་དམིགས་བསལ་དོ་སྣང་མི་བྱེད་པར་སྡོད་མཁན་སྡེ་ཚན་བཅས་ཡོད་པ་ང་ཚོས་བཤད་ཐུབ་ཀྱི་ཡོད་པ་རེད། དེ་ཚོ་ཚང་མ་སྡུག་ངལ་མི་འདོད་པ་དང་བདེ་བ་འདོད་པ་འདྲ་འདྲ་ཡིན་པ་རེད། ཆོས་ལ་ངོ་རྒོལ་བྱས་ཏེ་ཆོས་སྤང་བའི་མི་དེ་ཚོར་བདེ་སྐྱིད་མང་བ་ཡོད་མེད་དང་། བཏང་སྙོམས་སུ་ཡོད་པ་དེ་ཚོས་དམིགས་བསལ་རྩིས་ཡ་མེད་པ་རེད། ཆོས་ཡོད་མཁན་དེ་ཚོ་དཀའ་ངལ་འདྲ་འཕྲད་ཚེ་བློ་འཇོག་ས་ཞིག་དང་། དཔེར་ན་ཡེ་ཤུ་ཆོས་པ་ཚོས་སོ་སོར་འཇིག་རྟེན་བཀོད་པ་པོ་དཀོན་མཆོག་ཟེར་བ་ཞིག་ཡོད་སྟབས། དཀའ་ངལ་ཞིག་ལ་འཕྲད་སྐབས། དཀོན་མཆོག་གིས་མཁྱེན་ཟེར་ནས་ཕན་ཐོགས་ཡོང་གི་ཡོད་པ་རེད། དེ་དང་དེ་འདྲ་བའི་འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་ལུགས་ཚང་མར་དཀའ་ངལ་འཕྲད་དུས་བློ་འཇོག་ས་ཡོང་གི་འདུག གང་ལྟར་གལ་ཆེ་ཤོས་དེ་ནི་ཆོས་ལུགས་ཚང་མས་སེམས་པ་བཟང་པོ་བྱེད་པ་དང་བྱམས་བརྩེ་དགོས་པ་གསུང་གི་འདུག ཅེས་གསུངས་སོང་།

ཡང་༧གོང་ས་མཆོག་གིས།  ངོས་ཀྱིས་ནམ་རྒྱུན་ནས་བཤད་ཀྱི་ཡོད། ཆོས་ལུགས་ཚང་མ་མིའི་ཆོས་ལུགས་ཡིན་སྟབས། མི་ཆུང་ཆུང་སྐྱེས་བ་ནས་བཟུང་བྱམས་བརྩེ་ཟེར་བ་དེ་ཞེ་བོ་གལ་ཆེན་པོ་ཆགས་ཀྱི་འདུག དེ་བས་མིའི་ལྷན་སྐྱེས་ཀྱི་རང་བཞིན་ལ་བརྩེ་བ་ཟེར་བ་ཞིག་ཡོད་པ་རེད། དེང་སྐབས་ཚན་རིག་པ་ཚོས་ཀྱང་འགྲོ་བ་མིའི་རིགས་ནི་སྤྱི་ཚོགས་ལ་བརྟེན་ནས་ཡོད་པ་ཞིག་ཡིན་པ་དང་། དུད་འགྲོ་ཡིན་ནའང་བྱ་དང་བྱེའུ། རི་དྭགས་སོགས་སྤྱི་ཚོགས་ལ་བརྟེན་ནས་སྡོད་མཁན་དེ་ལ་གང་ལ་རྟེན་སའི་ཚོགས་པ་ལྟ་བུ་དེ་ལ་བརྩེ་བ་ཞིག་རང་བཞིན་གྱིས་ཡོང་གི་ཡོད་པ་དང་། བྱས་ཙང་ང་ཚོ་མི་གཅིག་ཁེར་རྐྱང་དུ་འཚོ་ཐབས་མེད་པ་དང་། མིའི་སྤྱི་ཚོགས་ཤིག་ལ་བརྟེན་ནས་འཚོ་དགོས་སྟབས། སྲོག་ཆགས་རིགས་ཚང་མ་སྤྱི་ཚོགས་ལ་བརྟེན་ནས་འཚོ་དགོས་པ་ཚོ་རང་བཞིན་ལྷན་སྐྱེས་གྱིས་སྤྱི་ཚོགས་ལ་སེམས་འཁོར་སྡོད་ཀྱི་ཡོད་པ་ཚན་རིག་པ་ཚོས་བཤད་ཀྱི་འདུག དེ་ནི་བདེན་པ་རེད། མིའི་ལྷན་སྐྱེས་ཀྱི་རང་བཞིན་བྱམས་བརྩེ་དང་ལྡན་པ་ཞིག་ཆགས་ཡོད་པ་དང་། ཆོས་ལུགས་དེ་ཚོ་མིའི་ཆོས་ལུགས་ཡིན་སྟབས། མིའི་སེམས་སུ་ཡོད་པའི་ང་རྒྱལ་དང་ཁོང་ཁྲོ། ཕྲག་དོག་ཟེར་བ་དེ་ཚོ་སེམས་ཅན་ཚོ་ལའང་ཡོད་པ་རེད། དེ་ཚོ་ནི་སྤྱིར་བཏང་ཡོན་ཏན་ཞིག་ལ་རྩི་ཡི་མི་འདུག མི་ཁྲོང་ཁྲོ་ཚ་བོ་ཞིག་ཡོད་ཚེ། འོ། ཁོང་ཁྲོ་ཚ་བོ་ཞིག་ཡོད་པ་རེད། མི་སེར་སྣ་ཚ་བོ་ཞིག་ཡིན་ཚེ། འོ། ཁོ་སེར་སྣ་ཚ་བོ་ཡོད་རེད་ཟེར་བ། དོགས་པ་རྣམ་རྟོག་ཚ་བོ་ཞིག་ཡིན་ཚེ། འོ། ཁོ་རྣམ་རྟོག་ཚ་བོ་ཡོད་པ་རེད་ཅེས་མིའི་གྲལ་ནས་ཕུད་ཡོང་གི་ཡོད་པ་རེད། མི་ཚང་མས་དགའ་པོ་བྱེད་ས་དེ་ནི་སློབ་སྦྱོང་ཡོད་ན་རེད། མེད་ནའང་རེད། མི་སེམས་པ་བཟང་བོ་ཞིག་ཡིན་ན་མིས་དགའ་བོ་བྱེད་ཀྱི་ཡོད་པ་རེད་ལ། ཉེ་འཁྲིས་ཀྱི་བྱ་བྱེའུ་ཡིས་ཀྱང་ཉེ་འཁྲིས་ཀྱི་བྱ་བྱེའུ་ཡིས་ཀྱང་དགའ་བོ་བྱེད་ཀྱི་ཡོད་པ་གསལ་པོ་རེད། དེ་བས་ཆོས་ལུགས་ཚང་མས་བྱམས་བརྩེ་གསུང་གི་འདུག ཅེས་གསུངས་སོང་།བཀའ་ཆོས་ཀྱི་རྗེས་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་གཙུག་ལག་རབ་འབྱམས་པ་ཤེས་རབ་སྐྱིད་ལགས་ཀྱིས་བྱམས་སྙིང་རྗེ་དང་ལྟ་བ་རྟེན་འབྱུང་ཟུང་འབྲེལ་ཐོག་ནས་ཉིན་རེའི་འཚོ་བའི་ནང་ཉམས་ལེན་བྱེད་ཕྱོགས་ག་འདྲ་ཡིན་བཀའ་འདྲི་ཞུས་པར་༧གོང་ས་མཆོག་གིས། ངོས་ལ་ཆ་བཞག་ན། མ་སྐྱིད་པ་ཡོང་པའི་རྩ་བ་ནི་རང་གཅེས་འཛིན་བྱེད་ཀྱི་འདུག་པ་དང་། རང་གཅེས་བར་བཟུང་སྟེ་ང་དང་ང་ཞེས་རྩ་ཆེན་དུ་རྩིས་དུས། རང་ཉིད་ཏོག་ཙམ་དང་འགྲན་ཟླ་བྱུང་ན་ཕྲག་དོག་དང་དམན་པ་མཐོང་ན་ང་རྒྱལ་སྐྱེས་པ་སོགས་དེ་ཚོས་སེམས་མ་སྐྱིད་པ་བཟོ་ཡི་འདུག རང་གཅེས་བར་འཛིན་པའི་གཅེས་འཛིན་དེར་སྤྱོད་འཇུག་ལས། འཇིག་རྟེན་བདེ་བ་ཇི་རྙེད་པ། དེ་ཀུན་གཞན་དོན་འདོད་ལས་བྱུང་། འཇིག་རྟེན་སྡུག་ངལ་ཇི་རྙེད་པ། དེ་ཀུན་རང་དོན་འདོད་ལས་བྱུང་ཞེས་ནང་ཆོས་ནང་སྡོམ་ཚིག་བརྒྱབ་གནང་ཡོད་པ་དང་།  ངོས་རང་སྒེར་ལ་ཆ་མཚོན་ནའང་། བྱང་ཆུབ་ཀྱི་སེམས་ལ་བསམ་བློ་གཏོང་བ་དེ་ཡིས་ངོས་ཀྱི་མི་ཚེ་རྙོག་དྲ་མང་པོ་ཞིག་གི་ནང་ནས་ཡོང་བ་རེད། ཡིན་ནའང་། སེམས་ལ་ཞུམ་པ་མ་སྐྱེས་པ་དང་ག་དུས་ཡིན་ནའང་སྙིང་སྟོབས་སྐྱེད་དེ་སེམས་གྲུང་རིག་རིག་བྱས་ནས་སྡོད་པ་དེར་བྱང་ཆུབ་ཀྱི་སེམས་ཀྱིས་ཏན་ཏན་ཕན་ཐོགས་ཡོང་གི་འདུག ངོས་རང་གཉིད་སད་པ་དང་བྱང་ཆུབ་ཀྱི་སེམས་ལ་བསམ་བློ་གཏོང་གི་ཡོད། ཅེས་གཞོན་སྐྱེས་ཚོར་སྐྱེ་བ་སྔ་ཕྱི་ལ་ཡིད་ཆེས་མེད་ནའང་། རང་གཅེས་འཛིན་གྱི་བསམ་བློ་གུ་དོག་པོ་དེའི་ཤུགས་ཆུང་དུ་བཏང་སྟེ། གཞན་གཅེས་འཛིན་གྱི་བློ་ལ་གང་ཐུབ་ཀྱིས་བསམ་བློ་གཏོང་ཐུབ་ཚེ། ཉིན་རེའི་འཚོ་བ་ནང་ཏན་ཏན་ཕན་ཐོགས་འབྱུང་སྐོར་སོགས་བཀའ་ལན་བསྩལ་གནང་སོང་།

དྷ་སྟེང་བོད་ཁྱིམ་གྱི་འཛིན་རིམ་བཅུ་གཉིས་མཐར་ཕྱིན་པའི་སློབ་མ་ཚེ་རིང་གཡུ་སྒྲོན་ལགས་ཀྱིས་རྟེན་འབྲེལ་བསྟོད་པའི་བརྗོད་བྱ་དེ་ནང་པའི་གཞུང་ནས་གསུངས་པའི་ཚན་རིག་དང་ལྟ་གྲུབ། ནང་ཆོས་ཀྱི་ཉམས་ལེན་བཅས་གསུམ་གྱི་གང་གི་ཁོངས་སུ་གཏོགས་མིན་བཀའ་འདྲི་ཞུས་པར་༧གོང་ས་མཆོག་གིས། གང་ལྟར་ང་ཚོས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ལྟ་བའི་ཐོག་ནས་བསམ་བློ་གཏོང་བ་དེ་ཚོ་ལྟ་གྲུབ་དང་འབྲེལ་ཡོད་པ་རེད། ནང་ཆོས་ཉམས་ལེན་དེ་རེད། ཚན་རིག་དང་མཐུན་པ་ཞིག་ཏུའང་འགྲོ་བཞིན་ཡོད་པ་རེད། དེ་བས་ཆོས་ལ་དེ་ཙམ་སློབ་སྦྱོང་མེད་པར་སྐྱབས་སུ་མཆིས་ཟེར་མཁན་ཞིག་ཡིན་ན་དམིགས་བསལ་ལྟ་གྲུབ་ལ་འབྲེལ་བ་དེ་ཙམ་མེད་པ་རེད་ལ། ཚན་རིག་དུའང་འབྲེལ་བ་མེད་པ་རེད། སྔ་མོ་བོད་ལ་བླ་མ་ཞིག་གི་གསུང་ཆོས་གནང་བཞིན་པའི་སྐབས། བཀའ་ཆོས་ལ་ཉན་མཁན་ཞིག་གིས་བླ་མ་ཁྱེད་རང་གི་སངས་རྒྱས་ཟེར་ན་རྩ་ཆེན་པོ་ཞིག་གསུང་གི་འདུག དེ་གང་དུ་ཡོད་པ་རེད་དམ། ཅེས་བཀའ་འདྲི་ཞུ་སྐབས། བླ་མ་དེས་མི་མངོན་ནམ་མཁའི་དབྱིངས་ཤིག་ལ། སངས་རྒྱས་དེ་ཤེལ་ཀྱི་ཁང་པ་འོད་འཚེར་བ་ཞིག་གི་ནང་དུ་ཡོད་པ་རེད། ཅེས་གསུངས་པ་རེད། བླ་མ་དེར་སློབ་སྦྱོང་དེ་ཙམ་མེད་པ་འདྲ་འདུག དེ་ཙམ་འུ་ཐུག་པོ་བཤད་དགོས་པ་ཁྱོན་ནས་ཡོད་པ་མ་རེད། གང་ལྟར་ནང་པའི་གཞུང་ལ་སློབ་སྦྱོང་ཏོག་ཙམ་ཡོད་མཁན་ཞིག་ཡིན་ཚེ། ལྟ་གྲུབ་དང་མ་འབྲེལ་བར་ནང་ཆོས་ཀྱི་ཟབ་གནད་དེ་ཚོ་བཤད་ཐུབ་ཀྱི་མ་རེད། དེ་ཚོ་མར་བཤད་ཡོད་དུས་ཚན་རིག་དང་ཡང་མཐུན་གྱི་འདུག ཆོས་ཀྱི་ཉམས་ལེན་དེའི་ནང་དུ་སླེབས་སྡོད་ཀྱི་ཡོད་པ་རེད། འཛམ་གླིང་གི་ཆོས་ལུགས་ཚང་མ་ངོས་ཀྱིས་གུས་ཞབས་བྱེད་ཀྱི་ཡོད། མི་ས་ཡ་བྱེ་བ་མང་པོ་ལ་ཕན་གྱི་ཡོད་པ་རེད། ལྟ་གྲུབ་མི་འདྲ་བ་ཡོད་ནའང་སེམས་པ་བཟང་པོ་བྱེད་དགོས་པ་དེ་ཚང་མས་གསུང་གི་ཡོད་པ་རེད། དེ་བས་ཆོས་ལུགས་ཚང་མར་ངོས་ཀྱིས་གུས་ཞབས་བྱས་ཏེ་མཐུན་སྒྲིལ་ཡོང་བར་གལ་ཆེན་ཞེ་བོ་ཞིག་ལ་བརྩི་ཡི་ཡོད། ལྟ་གྲུབ་རང་གི་ཐོག་ནས་ཕྱིན་ཚེ་ནང་པའི་གཞུང་དེ་ཚོ་ཕྱུག་ཤོས་རེད་འདུག ཚན་རིག་དང་མཉམ་དུ་འགྲོ་ཐུབ་པ་ཞིག་རེད། ཆོས་ལུགས་གཞན་དེ་ཚོ་ཚན་རིག་ཐོག་ནས་འགྲེལ་བཤད་རྒྱག་རྒྱུ་ཕལ་ཆེར་ཁག་པོ་རེད། ཡིད་ཆེས་དང་དད་པ་གཙོ་བོ་བྱས་པའི་ཐོག་ནས་འགྲོ་ཡི་འདུག དེ་བས་ནང་པའི་གཞུང་སྤྱི་དང་ལྷག་པར་དུ་དཔལ་ན་ལེནྜའི་རིག་པའི་ལམ་ནས་འགྲོ་བ་དེའི་ཐོག་ནས་ཕྱིན་ཚེ་ཚན་རིག་དང་ལྟ་གྲུབ། ཆོས་ཉམས་ལེན་དེ་ཚོ་ཚང་མ་འདྲེས་བསྡད་པ་ཞིག་རེད་འདུག ངོས་རང་ནང་པའི་དགེ་སློང་ཞིག་རེད། སེམས་པ་རྣམ་དག་གིས་བཅོམ་ལྡན་འདས་ཀྱི་རྗེས་སུ་འབྲང་བའི་ནང་པའི་དགེ་སློང་ཞིག་ཡིན་པ་རེད། ཡང་ཚན་རིག་པའི་གྲས་སུ་ཏཱ་ལའི་བླ་མ་ཚན་རིག་པ་རེད་ཅེས་ཟེར་གྱི་འདུག ངོས་ཀྱིས་ཀླད་པ་དེ་གུ་དོག་པོ་མ་བྱས་པར་རིག་པའི་ཐོག་ནས་དཔྱད་པ་བྱས་ནས་འགྲོ་དུས། ད་ལྟ་ངོས་ལ་ཆ་བཞག་ན་ནང་པའི་དགེ་སློང་རེད། ནང་པའི་ལྟ་གྲུབ་སྨྲ་བ་རེད། ཚན་རིག་པའི་སྐྱིད་སྡུག་ནང་དུའང་ངོས་རང་ཡར་ཏོག་ཙམ་སླེབས་ཀྱི་ཡོད་པ་རེད། སྔོན་ཆད་ཚན་རིག་གི་ཚོགས་འདུ་འཚོག་སྐབས་ངོས་ཀྱི་གྲོགས་པོ་ཚན་རིག་པ་ནང་པ་ཞིག་གིས། ཚན་རིག་གི་སྐོར་ལ་སྐད་ཆ་བཤད་དུས་ཚན་རིག་གི་ཞྭ་མོ་གྱོན་ནས་ཚན་རིག་བཤད་ཀྱི་ཡོད། ནང་བའི་སྐོར་ལ་བཤད་དུ་ནང་པའི་ཞྭ་མོ་གྱོན་ནས་ནང་ཆོས་བཤད་ཀྱི་ཡོད་ཅེས་ཟེར་ཀྱི་ཡོད་པ་རེད། ངོས་ཀྱིས་ཆོས་ལུགས་གཞན་ལ་འགྲན་བསྡུར་བྱས་པ་གང་ཡང་མིན་ཏེ། གང་ལྟར་ནང་པའི་ཞག་རྩི་འདོན་རྒྱུ་དེ་ནང་པའི་ལྟ་གྲུབ་གྱི་ཐོག་ནས་འདོན་ཐུབ་པ་ཞིག་རེད་འདུག དེང་སང་ཚན་རིག་གི་ཐོག་ནས་སློབ་སྦྱོང་བྱས་ཏེ་འཚར་ཡོང་མཁན་ཚོ་ལ། ཚན་རིག་དང་མཉམ་དུ་ནང་ཆོས་ཀྱི་ལྟ་གྲུབ་ངོ་སྤྲོད་བྱེད་པ་དེ་ཕན་ཐོགས་ཆེན་པོ་འདུག ཅེས་གསུངས་བྱུང་།

ཡང་དྷ་སྟེང་བོད་ཁྱིམ་གྱི་སློབ་མ་འཇིགས་མེད་རྡོ་རྗེ་ལགས་ཀྱིས་སྐྱབས་འགྲོ་ཁས་ལེན་མཁན་ཞིག་དང་སྐྱབས་འགྲོ་རྒྱུད་ལ་མེད་མཁན་གྱི་གང་ཟག་གཉིས་ཀྱི་མི་ཚེ་ལ་ཁྱད་པར་ཅི་ཡོད་བཀའ་འདྲི་ཞུས་པར་༧གོང་ས་མཆོག་གིས། ཆོས་ཁས་ལེན་མཁན་ཞིག་ལ་དཀའ་ངལ་འཕྲད་ཚེ། དཔེར་ན། འཇིག་རྟེན་བཀོད་པ་པོ་འདོད་མཁན་ཞིག་ཡིན་ན་འཇིག་རྟེན་བཀོད་པ་པོར་བསམ་བློ་གཏོང་བ་བཞིན། དཀོན་མཆོག་དཀོན་མཆོག་ལབ་སྡོད་པ་ཞིག་དང་། ང་ཚོ་ནང་པའི་ཆོས་བྱེད་མཁན་ཞིག་གིས་དཀའ་ངལ་ག་ཚོད་བྱུང་ནའང་སྐྱེ་བ་བརྒྱུད་ནས་བསམ་བློ་གཏོང་རྒྱུ་ཡོད་པ་ཞིག་ལ་བསམ་བློ་གཏོང་གི་ཡོད་སྟབས། བསམ་བློ་ཞེ་དྲག་གུ་ཡངས་བ་དང་ག་དུས་ཡིན་ནའང་རེ་བ་ཡོད་སྡོད་པ་ཞིག་འདུག་དུས།  ཆོས་ཁས་ལེན་མཁན་གྱིས་དཀའ་ངལ་ལ་འཕྲད་སྐབས་བསམ་བློ་གཏོང་ཕྱོགས་ཀྱི་ཐོག་ནས་གདོང་ལེན་བྱེད་པར་ཏན་ཏན་ཕན་ཐོགས་པ་ཞིག་རེད། ཆོས་ཁས་མི་ལེན་མཁན་གྱིས་དཀའ་ངལ་ལ་འཕྲད་པའི་སྐབས་སུ་ཉལ་ཐ་སོགས་འཐེན་པ་དང་། འུ་ཐུག་པའི་སྐབས་སུ་རང་ཤི་རྒྱག་རྒྱུ་དེ་རེད། དེ་བས་ཆོས་ཁས་བླངས་ན་ག་དུས་ཡིན་ནའང་རེ་བ་འཇོག་ས་ཡོད་སྡོད་པ་ཞིག་དང་ཆོས་ཁས་མི་ལེན་མཁན་ཚོས་ཁ་ཐུག་ཁ་ཐུག་གི་རྐྱེན་དེ་ཚོ་མ་ཚང་ན་རེ་བ་རྦད་དེ་བྲལ་ཏེ་རང་ཤི་རྒྱག་པའི་མཚམས་དེར་བསླེབས་པ་རེད། ཅེས་བཀའ་ལན་བསྩལ་སོང་།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༨/༠༤

Leave a Reply