ལོ་གཉིས་ལྷག་གི་ཆེད་དོན་འཐབ་རྩོད་ཁྲོད་ཉུང་མཐར་བོད་མི་ ༢༣༦༠ འཛིན་བཟུང་བྱས།

རྒྱ་ནག་གཞུང་གིས་ཡང་བསྐྱར་འཛུགས་སྐྲུན་ལས་གཞིར་བཀག་འགོག་བྱེད་མཁན་བོད་མི་ ༡༠ ལ་ལས་དོན་ལ་འགོག་རྐྱེན་དང་དངུལ་གཡོ་ལེན་བྱས་ཚུལ་གྱི་ཉེས་མིང་གཡོགས་ཏེ་ལོ་ ༨ ནས་ ༡༣ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད།ཟླ་འདིའི་ཕྱི་ཚེས་ ༢ ཉིན་བོད་མདོ་ལྷོ་ཁུལ་བསང་ཆུ་རྫོང་མི་དམངས་ཁྲིམས་ཁང་གི་དྲ་རྒྱའི་ཐོག་གནས་ཚུལ་བསྒྲགས་པ་ལྟར་ན།  ཕྱི་ཟླ་ ༦ ཚེས་ ༢༩ ཉིན་ཁྲིམས་ཁང་དེས། བླ་བྲང་དང་གཙོས་གཉིས་ཀྱི་ལམ་བར་དུ་ཡོད་པའི་བང་སྒར་ཐང་ཞེས་པའི་འཛུགས་སྐྲུན་ལས་གཞི་དང་འབྲེལ་ཏེ། རྒྱུ་དངོས་གཡོ་ལེན་དང་བཙན་སྐུལ་བརྗེ་ཚོང་བྱས་པའི་ཉེས་མིང་འོག བོད་མི་བཅུ་ལ་ལོ་ ༨ ནས་ ༡༣ བར་གྱི་བཙོན་འཇུག་ཁྲིམས་ཆད་བཅད་ཡོད་འདུག་ལ། ཕྱི་ལོ་ ༢༠༡༨ ལོའི་ལོ་མགོ་ནས་བཟུང་བོད་ཁུལ་ཁྱོན་ཡོངས་སུ་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཟེར་བ་འདི་ལོའི་ལོ་མཇུག་ཙམ་ནས་མཇུག་བསྡུ་འཆར་ཡོད་ཅིང་།  འཐབ་རྩོད་དེ་ལག་བསྟར་བྱས་པའི་དུས་ཡུན་ལོ་གཉིས་ལྷག་ནང་ཉུང་མཐར་བོད་མི་ ༢༣༦༠ འཛིན་བཟུང་བྱས་ཡོད་པ་རྒྱ་ནག་གཞུང་ཕྱོགས་ནས་བསྒྲགས་ཡོད་པ་རེད།

བོད་གནས་ལྟ་ཞིབ་ཁང་གི་གནས་ཚུལ་ལྟར་ན། ལོ་༨ ནས་ ༡༣ བར་གྱི་བཙོན་འཇུག་ཁྲིམས་ཆད་ཕོག་པའི་བོད་མི་དེ་དག་ནི་བཀྲ་ཤིས་རྒྱ་མཚོ་དང་ཚེ་དབང་། སྙིང་ལྕགས། རྒྱལ་ལོ། བསོད་ནམས་རྒྱལ། སྟག་ཐར་རྒྱལ། བསྟན་པ་རྒྱ་མཚོ། རྟ་མགྲིན་རྡོ་རྗེ་དང་རྟ་མགྲིན་ཚེ་རིང་། གཅོད་པ་ཚེ་རིང་བཅས་ཡིན་པ་དང་། ཕལ་ཆེ་བ་ལོ་ ༧༠ ཡས་མས་ཀྱི་ལོ་རྒན་པ་ཡིན་འདུག ཕྱི་ལོ་ ༢༠༡༩ ལོར་རྒྱ་ནག་གཞུང་གིས་ཁོང་ཚོ་འཛིན་བཟུང་བྱས་ཏེ། མི་མང་བསྡུ་རུབ་བྱས་ནས་རྒྱལ་ཁབ་ཀྱི་འཛུགས་སྐྲུན་ལ་འགོག་རྐྱེན་བཟོས་པའི་ཉེས་འཛུགས་བྱས་ཡོད་པ་དང་། བོད་མི་བཀྲ་ཤིས་རྒྱ་མཚོ་དང་ཚེ་དབང་གཉིས་ལ་རྒྱ་སྒོར་ཁྲི་ ༧ རེའི་ཉེས་ཆད་དང་། གཞན་རྣམས་ལ་རྒྱ་སྒོར་ཁྲི་ ༥ རེ་ཡིས་དངུལ་ཆད་ཀྱང་བཅད་ཡོད་འདུགབསང་ཆུ་རྫོང་ཁྲིམས་ཁང་གི་གནས་ཚུལ་དེའི་ནང་། བོད་མི་རྣམས་ལ་ཉིན་དེའི་ཞོགས་པ་ཆུ་ཚོད་ ༧།༣༠ ནས་ཆུ་ཚོད་ ༡༤ ཙམ་རིང་ཁྲིམས་བཤེར་བྱས་ཡོད་པ་དང་། ཁྲིམས་རའི་ནང་བསང་ཆུ་རྫོང་མི་མང་འཐུས་མི་དང་། སྲིད་གྲོས་ཀྱི་རྒྱུན་ལས། བོད་མི་བཅུ་དེ་ཡི་ཁྱིམ་མི་བཅས་མི་གྲངས་ ༤༠ ལྷག་ཡོད་སྐོར་དང་། ཁྲིམས་བཤེར་གྱི་ཡུལ་དངོས་ཐད་གཏོང་བྱས་ཏེ་ལྟ་ཉན་བྱེད་པའི་གྲངས་འབོར་འབུམ་ ༦ ལྷག་བྱུང་ལུགས་དང་། ཕྱི་ལོ་ ༢༠༡༢ ནས་ ༢༠༡༤ བར་དུ་བཀྲ་ཤིས་རྒྱ་མཚོ་སོགས་ཀྱིས་མི་མང་འདུ་འཛོམས་བྱེད་དུ་བཅུག་སྟེ། འཛུགས་སྐྲུན་འཕྲུལ་ཆས་བཀག་ཉར་དང་ཁ་རྡུང་རྙོག་གླེང་བཟོ་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ། བང་སྒར་ཐང་ཁུལ་གྱི་ཨ་མདོ་སྤྱི་གཉེར་ཁང་དང་ཡེན་ཧི་མྱུར་སྐྱོད་ ༡༡ པའི་ལས་གཞི་ཚན་པ། ཡེན་ཧི་མྱུར་སྐྱོད་ ༡༢ པའི་ལས་གཞི་ཚན་པ། བང་སྒར་ཐང་གོང་འོག་གི་ཁྲོམ་གཞུང་གྲོང་སྡེ་སོགས་ནས་དངུལ་སྨར་རྒྱ་སྒོར་འབུམ་བཅུ་(༡༠༧༥༠༩༨)ལྷག་དང་། འཛུགས་སྐྲུན་རྒྱུ་ཆ་རིན་འབབ་རྒྱ་སྒོར་ཁྲི་ ༦ (༦༨༣༠༩)གཡོ་ལེན་དང་། འཛུགས་སྐྲུན་འཕྲུལ་རིགས་སོགས་ལ་གྱོང་གུད་རྒྱ་སྒོར་ ༦༧༨༨ བཅས་ཁྱོན་རྒྱ་སྒོར་འབུམ་ ༡༡ (༡༡༥༠༡༩༦)ལྷག་གི་ནག་ཉེས་བཟོས་ཡོད་ཚུལ་དང་། ཕྱི་ལོ་ ༢༠༡༢ ལོར་བཀྲ་ཤིས་རྒྱ་མཚོ་སོགས་ཀྱིས་བང་སྒར་ཐང་ཁྲོམ་གཞུང་གྲོང་སྡེའི་འགན་གཙང་ལེན་གྱི་ཁྱིམ་ཚང་ ༡༦ གིས་ཤེས་རྟོགས་མེད་པའི་གནས་སྟངས་འོག མི་ཚང་དེ་དག་གི་ཞིང་ས་ཁྱོན་རྨོའུ་ ༦.༧༠༡༨ དེ་རིན་འབབ་ཉུང་མཐར་རྒྱ་སྒོར་ ༡༦༠༠༠ ཡིན་པ་བཙན་ལེན་བྱས་ཚུལ་སོགས་བཤད་འདུག

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་སུ་གནད་དོན་དེའི་སྐོར་དྲིས་པར་ཁོང་གིས། བསང་ཆུ་རྫོང་དུ་མི་བཅུ་འཛིན་བཟུང་བྱས་པའི་རྒྱུ་རྐྱེན་ནི། ཞིང་འབྲོག་མང་ཚོགས་གནས་སྤོར་དང་གཙང་བོ་ཁ་བསྒྱུར། ཡུལ་སྐོར་ལྟེ་གནས་འཛུགས་སྐྲུན་སོགས་ཚུད་པའི་རྒྱལ་ཁབ་ཀྱི་འཛུགས་སྐྲུན་ལ་འགོག་རྐྱེན་བཟོས་སོང་ཟེར་གྱི་ཡོད་པ་དང་། རྒྱ་ནག་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་ནག་སེལ་གཤེད་བཅོམ་དང་འབྲེལ་བ་ཡོད་པ་ཞིག་ཆགས་བསྡད་ཡོད། ད་རེས་བསང་ཆུ་རྫོང་དུ་འཛིན་བཟུང་བྱས་པའི་མི་བཅུའི་གནས་བབ་ཡང་དེ་སྔོན་རེབ་གོང་གི་མི་ ༩ ་འཛིན་བཟུང་བྱས་པ་དང་གཅིག་མཚུངས་རེད། གཙོ་བོ་ཁོ་ཚོར་མི་མང་བསྡུ་རུབ་བྱས་ཏེ་སྤྱི་ཚོགས་ཀྱི་སྒྲིག་ལམ་གཏོར་བརླག་དང་རྒྱལ་ཁབ་ཀྱི་འཛུགས་སྐྲུན་གྱི་རྣམ་པ་ལ་འགོག་རྐྱེན་བཟོས་ཡོད་པའི་ཉེས་འཛུགས་བྱས་ཡོད། ཅེས་བརྗོད་བྱུང་།ཡང་རྒྱ་ནག་གི་ཁྲིམས་ནང་བོད་མི་ཚོར་སོ་སོའི་ས་ཆ་སྲུང་སྐྱོབ་བྱེད་པའི་ཐོབ་ཐང་ཡོད་སྐོར་ལ་ཁོང་གིས། རྒྱ་ནག་གི་ཁྲིམས་འཛིན་ལམ་ལུགས་དང་ལྷག་པར་བོད་ནང་གི་ས་གནས་རང་སྐྱོང་གི་བཅའ་ཁྲིམས་འོག་ནས་བལྟས་པ་ཡིན་ན། དངོས་གནས་དྲང་གནས་ས་གནས་མི་མང་སོ་སོའི་ས་གནས་སུ་འཚོ་སྡོད་བྱེད་པ་དང་ས་ཆ་སྲུང་སྐྱོབ་ཀྱི་ཐོབ་ཐང་ཡོད་པ་རེད། འོན་ཀྱང་། རྒྱ་ནག་གི་ཡིག་ཐོག་ཏུ་བཀོད་པའི་ཁྲིམས་དང་ལག་བསྟར་གཉིས་ཁ་ལག་རྒྱབ་འགལ་ལྟ་བུ་ཆགས་ཡོད་པར་བརྟེན། ཁོ་ཚོའི་ཡིག་ཐོག་ཏུ་ཡོད་པའི་མི་མང་སྲུང་སྐྱོབ་དང་མི་མང་གི་ཐོབ་ཐང་གི་ཁྲིམས་ཕར་བཞག་སྟེ། ལག་བསྟར་ཐོག་དྲག་གནོན་གྱི་སྲིད་བྱུས་སྤེལ་ཡོང་དུས་ཁྲིམས་ཡོད་པ་དང་མེད་པ་གཉིས་གཅིག་མཚུངས་ཆགས་ཀྱི་ཡོད། རྒྱ་ནག་གི་ཁྲིམས་ཀྱི་མཁས་དབང་དང་ཁྲིམས་ཀྱི་ཞིབ་འཇུག་པ་ཚོས་རྒྱ་ནག་གི་ཁྲིམས་དེ་ཁྲིམས་ཙམ་ཡིན་པ་ལས། ཁྲིམས་དེ་ལག་བསྟར་གྱི་དབང་ཆ་ཚང་མ་རྒྱ་ནག་དམར་ཤོག་ཚོགས་པ་རང་ལ་ཡོད། དེ་ཡང་གོང་རིམ་གྱི་ཐག་གཅོད་གང་ཞིག་བཀོད་ཁྱབ་བཏང་བ་དེ་ལག་བསྟར་བྱེད་རྒྱུ་མ་གཏོགས། ས་གནས་མི་མང་རང་གི་བདེ་སྡུག་དང་ས་གནས་ཀྱི་དངོས་ཡོད་གནས་སྟངས་གཞིར་བཟུང་ནས་མི་མང་གི་ཐོབ་ཐང་དང་མི་མང་གི་ཁེ་ཕན་སྲུང་སྐྱོབ་བྱ་རྒྱུ་ཧ་ཅང་ཁག་པོ་རེད་ཟེར་གྱི་ཡོད། ཅེས་བརྗོད་བྱུང་།

ནག་སེལ་གཤེད་བཅོམ་ཁྲོད་མི་ག་ཚོད་ཅིག་བཟུང་ཡོད་པའི་སྐོར་ལ་ཁོང་གིས། འདས་ལོར་ནག་སེལ་གཤེད་བཅོམ་གྱི་སྲིད་བྱུས་འོག ཟླ་དང་པོའི་ནང་ཚུད་དུ་མཚོ་སྔོན་ཞིང་ཆེན་ནས་མི་གྲངས་ ༣༦༠ འཛིན་བཟུང་བྱས་ཡོད་པ་དང་། དེ་རྗེས་གོང་རིམ་གྱི་ལྟ་ཞིབ་ཚོགས་པ་ཟེར་བ་ཉིན་གྲངས་ ༣ རིང་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ལྟ་ཞིབ་ལ་ཡོང་སྐབས། ཁུལ་དང་གྲོང་ཁྱེར་མི་འདྲ་བ་ ༡༧ གྱི་ནང་ནས་མི་གྲངས་ ༢༠༠༠ འཛིན་བཟུང་བྱས་ཡོད། སྐབས་དེར་རྒྱ་ནག་གིས་མི་དེ་ཚོ་ནག་ཚོགས་དང་རྒྱན་འཇོག འཆལ་སྤྱོད་དང་རྐུན་ཇག་སོགས་ཡིན་པའི་མིང་བྱང་འོག་འཛིན་བཟུང་བྱས་ཡོད་སྐོར་བསྒྲགས་ཡོད་ཀྱང་། རྒྱ་ནག་གིས་སྤྱི་ཚོགས་བརྒྱུད་ལམ་ཚང་མ་བཀག་ཡོད་སྟབས། ང་ཚོས་མི་རེ་རེའི་རྒྱབ་ལྗོངས་གནས་སྟངས་ལ་ཞིབ་འཇུག་བྱེད་ཐུབ་ཀྱི་མེད་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད། ཅེས་བརྗོད་བྱུང་།

པདྨ་རྒྱལ་ལགས་ཀྱིས་བརྗོད་པ་ལྟར་ན། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཟེར་བ་དེ་ཕྱི་ལོ་ ༢༠༡༨ ཟླ་ ༢ པ་ནས་ལག་བསྟར་མགོ་འཛུགས་ཀྱིས་འདི་ལོ་ནི་ལོ་མཐའ་མ་དེ་ཡིན་པ་དང་། ནག་སེལ་གཤེད་བཅོམ་གྱི་འཐབ་རྩོད་དེ་བོད་རང་སྐྱོང་ལྗོངས་ཟེར་བ་གཙོས་པའི་རྒྱ་ནག་གིས་བཅད་བགོས་བྱས་པའི་བོད་ཀྱི་ཞིང་ལྗོངས་ལྔའི་ནང་ལག་བསྟར་བྱེད་བཞིན་ཡོད་པ་དང་། དེ་ཡང་ས་གནས་རང་རང་གི་གནས་བབ་དང་དགོས་མཁོ་གཞིར་བཟུང་གི་ཐོག་ནས་སྲིད་བྱུས་སྤེལ་བཞིན་ཡོད་ལུགས་དང་། བོད་རང་སྐྱོང་ལྗོངས་ལ་ནག་སེལ་གཤེད་བཅོམ་གྱི་སྲིད་བྱུས་དོན་ཚན་ ༢༡ དང་ནང་གསེས་དོན་ཚན་ ༣ ། མཚོ་སྔོན་ཞིང་ཆེན་ལ་དོན་ཚན་ ༡༧ དང་རྔ་བ་བོད་རིགས་རང་སྐྱོང་ཁུལ་ལ་དོན་ཚན་ ༡༡ ཡས་མས་ཡོད་འདུག་ལ། དམིགས་བསལ་རྔ་བ་ལྟ་བུར་ཆ་མཚོན་ན། བོད་ཀྱི་བདེན་པའི་འཐབ་རྩོད་ཆེད་རང་ལུས་མེར་སྲེག་གནང་མཁན་མང་པོ་བྱུང་ཡོད་སྟབས། རྒྱ་ནག་གིས་ནག་སེལ་གཤེད་བཅོམ་གྱི་སྲིད་བྱུས་ཁྲོད་རྔ་བ་རུ་རང་སྲོག་དོར་ནས་རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་བ་བཟོ་མི་ཆོག་ཅེས་པའི་བཀའ་རྒྱ་བསྒྲགས་ཡོད་འདུག  འདི་ལོ་ནི་ནག་སེལ་གཤེད་བཅོམ་དང་འབྱོར་ལྡན་འཛུགས་སྐྲུན་ཟེར་བ་སོགས་ལག་བསྟར་བྱེད་བཞིན་པ་སོགས་ཀྱི་དུས་ཡུན་མཐའ་མ་ཆགས་ཀྱི་ཡོད་འདུག་ལ།  ཕྱི་ལོ་ ༢༠༢༡ ནས་སྲིད་བྱུས་གསར་བཟོ་བྱེད་འཆར་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༨/༠༥

Leave a Reply