འབར་གས་དོན་རྐྱེན་ཁྲོད་མི་མང་པོར་ཤི་རྨས་ཚབས་ཆེན་བྱུང་།

དཀྱིལ་ཤར་ཨེ་ཤ་ཡའི་ལེ་བྷེ་ནོན་རྒྱལ་ཁབ་ཀྱི་རྒྱལ་ས་བྷེ་རུཌ་ནང་རྒྱུ་རྐྱེན་གསལ་བོ་མེད་པའི་འབར་གས་དོན་རྐྱེན་ཤུགས་ཆེན་བྱུང་སྟེ་མི་རྒྱུ་གཉིས་ལ་གནོད་སྐྱོན་ཆེན་པོ་ཐེབས་ཡོད་འདུག

ཁ་སང་ས་གནས་ཀྱི་ཕྱི་དྲོ་ ༥ པའི་ཐོག་དཀྱིལ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ལེ་བྷེ་ནོན་(lebanon)གྱི་རྒྱལ་ས་བྷེ་རུཌ་ནང་འབར་གས་དོན་རྐྱེན་ཤུགས་ཆེན་བྱུང་སྟེ། ད་བར་ཉུང་མཐར་མི་གྲངས་ ༧༨ རྐྱེན་འདས་དང་། མི་གྲངས་ ༤༠༠༠ ལས་མང་བར་རྨས་སྐྱོན། དོན་རྐྱེན་བྱུང་སའི་ཉེ་འཁོར་གྱི་ཁང་ཁྱིམ་ཕལ་ཆེ་བ་རྩ་མེད་བཏང་ཡོད་པ་དང་། ད་ལྟའི་ཆར་འབར་གས་བྱུང་བའི་རྒྱུ་རྐྱེན་ཁ་གསལ་ཆགས་མེད་ཀྱང་། ཡུལ་དེའི་གཞུང་འབྲེལ་མི་སྣ་རྣམས་ཀྱིས་འབར་གས་དོན་རྐྱེན་དེ་འདས་པའི་ལོ་ངོ་ ༦ གི་རིང་གསོག་འཇོག་བྱས་པའི་འགད་རིགས་རྫས་འགྱུར་(ammonium nitrate)ཞེས་པ་ཡིན་པའི་དོགས་གཞི་དང་། གཞུང་ངོས་ནས་དམིགས་བསལ་ཞིབ་འཇུག་ཚུགས་ཏེ་འབར་གས་ཀྱི་འབྱུང་རྐྱེན་སོགས་རྩད་གཅོད་བྱེད་བཞིན་ཡོད་འདུག

གནད་དོན་དེའི་ཐད་། ཡུལ་དེའི་སྲིད་འཛིན་མི་ཤེལ་ཨོན་ (Michel Aoun) གྱིས་ཐེངས་འདིའི་འབར་གས་དོན་རྐྱེན་དང་འབྲེལ་ནས་རང་གི་ཊུ་ཝི་ཊར་དྲ་ལམ་སྟེང་། འབར་གས་དོན་རྐྱེན་བྱུང་སའི་གྲུ་ཁའི་གསོག་འཇོག་ཁང་ཞིག་ཏུ། ལྗིད་ཚད་ཊོན་ ༢༧༥༠ ཅན་གྱི་འགད་རིགས་རྫས་འགྱུར་མང་པོ་ཉེན་སྲུང་མེད་པར་གསོག་འཇོག་བྱས་པ་དེ་ནི་གནད་དོན་ཚབས་ཆེན་ཞིག་ཡིན་པ་དང་། ད་ཐེངས་ཀྱི་དོན་རྐྱེན་དེར་གདོང་ལེན་ཆེད་གཞུང་ངོས་ནས་ཨ་སྒོར་ས་ཡ་ ༦༦ གི་ཛ་དྲག་ངལ་སེལ་རོགས་དངུལ་གཏོང་རྒྱུ་ཡིན་སྐོར་བརྗོད་འདུག

ཡང་སྲིད་འཛིན་གྱིས་དོན་རྐྱེན་དེ་དང་འབྲེལ་ནས། འཕྲལ་དུ་བློན་ཆེན་ལྷན་ཚོགས་བསྐོངས་ཏེ་བདུན་ཕྲག་གཉིས་ཀྱི་རིང་རྒྱལ་ཡོངས་ཛ་དྲག་བཀའ་ཁྱབ་གཏོང་དགོས་སྐོར་དང་། དེ་རིང་ནས་བརྩིས་པའི་ཉིན་གྲངས་གསུམ་རིང་གཞུང་འབྲེལ་གྱི་ཐོག་ནས་མྱ་ངན་གུས་འདུད་བྱ་རྒྱུ་དང་། མཐུན་འབྲེལ་རྒྱལ་ཁབ་རྣམས་ཀྱིས་ལེ་བྷེ་ནོན་ལ་རྒྱབ་སྐྱོར་དང་རོགས་འདེགས་བྱ་རྒྱུའི་རེ་སྐུལ་ཞུས་ཡོད་པ་དང་། ཡུལ་དེའི་ཆེས་མཐའི་རྒྱལ་སྲུང་ལྷན་ཚོགས་(Supreme Defence Council)ཀྱིས་འབར་གས་དོན་རྐྱེན་རྒྱབ་ན་མི་སུ་འདྲ་ཞིག་ཡིན་རུང་། རྒྱལ་ཁབ་ཀྱི་ཉེས་ཆད་ལྕི་ཤོས་དེ་དགལ་རྒྱུ་ཡིན་སྐོར་བསྒྲགས་ཡོད་འདུག

འབར་གས་དོན་རྐྱེན་དེ་ནི་འགད་ཤུགས་ཆེ་ཞིང་འཇིགས་གཡེར་བ་ཞིག་བྱུང་ཡོད་པ་དང་། འཇར་མ་ནི་ཡི་ས་ཁམས་ཞིབ་འཇག་ལྟེ་གནས་ཁང་(GFZ)གིས་བརྗོད་གསལ་ལྟར་ན། ཐེངས་འདིའི་འབར་གས་དོན་རྐྱེན་དེས་ཁུལ་དེར་ཤུགས་ཚད་ ༣།༥ ཡི་ས་འགུལ་ཐེབས་སུ་བཅུག་ཡོད་པ་མ་ཟད། འབར་གས་ཀྱི་རླབས་དེ་དོན་རྐྱེན་འབྱུང་སའི་གྲུ་ཁ་ནས་རྒྱང་ཐག་སྤྱི་ལེ་ ༢༠༠ ཙམ་ལ་ཆགས་པའི་སའེ་པེ་རས་ (Cyprus) མཚོ་གླིང་རྒྱལ་ཕྲན་བར་ཚོར་ཐུབ་ཡོདསྐོར་བརྗོད་འདུག

འབར་གས་དོན་རྐྱེན་དེ་བྱུང་རྗེས། རྒྱལ་སྤྱིའི་མགོ་འཁྲིད་དང་སྲིད་གཞུང་མི་ཉུང་བས་སེམས་གསོ་དང་འབྲེལ་རོགས་སྐྱོར་གང་ཐུབ་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་མ་ཟད། དེ་ཡང་དབྱིན་ཡུལ་གྱི་སྲིད་བློན་བྷོ་རི་སི་ལགས་ཀྱིས། དབྱིན་ཡུལ་ངོས་ནས་འབར་གས་ཀྱིས་དོ་ཕོག་ཐེབས་བའི་དབྱིན་ཡུལ་གྱི་མི་སེར་ཚུད་པའི་ལེ་བྷེ་ནོན་ལ་རང་ནུས་གང་ལྕོགས་ཀྱིས་རོགས་སྐྱོར་ཞུ་རྒྱུ་ཡིན། ཅེས་དང་། ཨ་རིའི་སྲིད་འཛིན་ཊོམ་ཕུ་ཡིས་དེ་ནི་ཚབས་ཆེ་བའི་དྲག་རྒོལ་ཞིག་ཡིན་སྐོར་དང་། རྒྱལ་སྲིད་དྲུང་ཆེ་མེག་པོམ་པེའོ་ཡིས་ལེ་བྷེ་ནོན་ལ་རོགས་སྐྱོར་བྱ་རྒྱུའི་གྲ་སྒྲིག་ཡོད་སྐོར་བརྗོད་ཡོད་འདུག དེ་བཞིན་ཧྥ་རན་སི་དང་། ཨི་རཱན། ཨི་ཛི་རལ། འཇར་མན་ནི། མ་ལེ་ཤི་ཡ་བཅས་ཀྱིས་ཀྱང་སེམས་གསོ་དང་སྦྲགས་རོགས་སྐྱོར་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

ད་ལྟའི་ཆར་ལེ་བྷེ་ནོན་ནང་། སྲིད་གཞུང་གིས་ཕྱི་ལོ་ ༡༩༧༥ ནས་ ༡༩༩༠ ལོའི་ལེ་བྷེ་ནོན་སྡེ་གཟར་རྗེས་སུ་བྱུང་མྱོང་མེད་པའི་དཔལ་འབྱོར་ཉམས་རྒུད་ཀྱི་གནས་སྟངས་ལ་དགོས་ངེས་ཀྱི་བཅོས་བསྒྱུར་བྱེད་ཀྱི་མེད་པ་དང་། གཞུང་འཛིན་ཚོགས་པས་སྤྱི་དམངས་ཀྱི་འཐུང་ཆུ་དང་གློག འཕྲོད་བསྟེན་སྨན་བཅོས་ཀྱི་དཀའ་ངལ་དག་སེལ་ཐབས་བྱེད་ཀྱི་མེད་པར་བརྗོད་དེ། གཞུང་རྒོལ་ཁྲོམ་སྐོར་ལས་འགུལ་ཤུགས་ཆེར་སྤེལ་མུས་ཡིན་པ་མ་ཟད། ཁྱིམ་མཚེས་རྒྱལ་ཁབ་ཨི་ཛི་རལ་(Isreal)དང་ས་མཚམས་རྩོད་རྙོག་གི་རྐྱེན་པས་ཕྱོགས་གཉིས་ཀྱི་གནས་སྟངས་ཅུང་ཛ་དྲག་ཡིན་ཞིང་། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་འཛིན་རྒྱབ་སྐྱོར་ཡོད་པའི་རྒྱལ་སྤྱིའི་ཁྲིམས་ཁང་ཞིག་གིས། ད་ལྟའི་ཆར་ཕྱི་ལོ་ ༢༠༠༥ ལོར་ལེ་བྷེ་ནོན་གྱི་སྲིད་བློན་ཟུར་པ་རཱ་ཧྥིག་ཧ་རི་རི་(Rafic Hariri)རང་ཤི་གཏོར་རྒོལ་དོན་རྐྱེན་ཁྲོད་རྐྱེན་འདས་གཏོང་མཁན་གྱི་དོགས་ཡོད་ཉེས་ཅན་བཞིར་བཅད་ཁྲ་གསལ་བསྒྲགས་བྱེད་ལ་ཉེ་བའི་སྐབས་ཡིན་སྐོར་བརྗོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༨/༠༥

Leave a Reply