ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་དབུ་འཛུགས་ཀྱི་གསལ་བསྒྲགས།

མི་འགྱང་བར་དབུས་འོས་བསྡུ་ལས་ཁང་ནས་ས་གནས་འོས་བསྡུ་ལས་ཁང་ཁག་དང་རྒྱ་ཆེའི་མང་ཚོགས་བཅས་ལ་འོས་བསྡུ་དང་འབྲེལ་བའི་ལས་དོན་རྣམས་སྒྲིག་མཐུན་ཚགས་ཚུད་ཡོང་ཐབས་སུ་ཟབ་སྦྱོང་དང༌། འཕྲིན་ལམ། སྦྱར་ཡིག དྲྭ་ཐོག་སྦྱོང་བརྡར་སོགས་རིམ་པས་གནང་རྒྱུ་ཡིན་འདུག2021 Tibetan Election press conference དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ ཐོག་དྷ་ས་གངས་ཅན་སྐྱིད་གཤོངས་ཀྱི་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ཀྱི་དབུས་འགན་འཛིན་ལས་འཕར་དགེ་བཤེས་མ་བདེ་ལེགས་དབང་མོ་ལགས་དང་། སྤྱི་ཟུར་བསོད་ནམས་རྒྱལ་མཚན་ལགས་བཅས་ཀྱིས། དེ་རིང་ཕྱི་ཚེས་ ༥ ཉིན་ནས་ཕྱི་ལོ་ ༢༠༢༡ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྐབས་བཅུ་དྲུག་པའི་སྲིད་སྐྱོང་དང༌། སྐབས་བཅུ་བདུན་པའི་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་མོ་དངོས་སུ་དབུ་འཛུགས་གནང་བའི་གསར་འགོད་གསལ་བསྒྲགས་གནང་སོང་བ་དང་། འོས་བསྡུའི་ལས་དོན་དང་འབྲེལ་ནས་དྲ་ཚིགས་ཤིག་ཀྱང་དབུ་འབྱེད་གནང་སོང་ལ། མི་རིང་བར་ས་གནས་འོས་བསྡུ་ལས་ཁང་ཁག་དང་རྒྱ་ཆེའི་མང་ཚོགས་བཅས་ལ་འོས་བསྡུ་དང་འབྲེལ་བའི་ལས་དོན་རྣམས་སྒྲིག་མཐུན་ཚགས་ཚུད་ཡོང་ཐབས་སུ་ཟབ་སྦྱོང་དང༌། འཕྲིན་ལམ། སྦྱར་ཡིག དྲྭ་ཐོག་སྦྱོང་བརྡར་སོགས་རིམ་པས་གོ་སྒྲིག་ཞུ་འཆར་ཡོད་སྐོར་གསུངས་སོང་།

གསར་འགོད་གསལ་བསྒྲགས་སྐབས་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ཀྱིས། དེང་སྐབས་ནད་ཡམས་ཀྱི་རྐྱེན་པས་དཀའ་ཚེགས་དུ་མ་ཞིག་ཡོད་མུས་ཀྱང་། གནས་སྟངས་ཇི་ཆགས་ལ་མ་ལྟོས་པར་དབུས་འོས་བསྡུ་ལས་ཁང་ནས་འོས་བསྡུ་ཆེན་མོ་དུས་ཐོག་ཞུ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་དང་། ས་གནས་འོས་བསྡུ་ལས་ཁང་དང་རྒྱ་ཆེའི་མང་ཚོགས་ནས་ཀྱང་ངལ་བ་ཁྱད་བསད་ཀྱིས་ཞུ་སྒོ་ཁག་གནང་ཐབས་དགོས་པ་དང་། བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་འདི་བཞིན་མ་འོངས་བོད་བསྟན་སྲིད་སྤྱིའི་ལས་དོན་གལ་འགངས་ཤིན་ཏུ་ཆེན་པོ་ཡིན་པས། བྱེས་འཁོད་རང་རིགས་ཡོངས་ནས་རྡོག་རྩ་གཅིག་ཏུ་སྒྲིལ་ཏེ་འོས་བསྡུའི་ནང་ཆ་ཤས་ལེན་རྒྱུ་གལ་གནད་ཆེན་པོ་ཡིན་སྐོར་དང་། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༡༧།༡༨།༢༠།༢༡ བཅས་ཀྱི་ནང་གསལ་ལྟར། འོས་བསྡུའི་དེབ་སྐྱེལ་གསར་དུ་ཞུ་གཏན་འཁེལ་ཡོད་པས། འོས་འཕེན་པའི་གྲངས་མཛོད་ཚད་འཕེར་འབྱུང་ཐབས་སུ་ས་གནས་འོས་བསྡུ་ལས་ཁང་ཁག་དང་རྒྱ་ཆེའི་མང་ཚོགས་བཅས་ནས་དམིགས་བསལ་ཐུགས་སྣང་གཟབ་བཞེས་ཐོག་འདི་ལོར་ས་གནས་སུ་མིང་གཞུང་དེབ་སྐྱེལ་ངེས་པར་གནང་དགོས་སྐོར་གསུངས་སོང་།

ཡང་དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་ལགས་ཀྱིས། ལྷག་པར་སྒྲིག་གཞི་དོན་ཚན་ ༢༤ དང༌ ༢༥ གཉིས་ཀྱི་དགོངས་དོན་བཞིན་དངུལ་དངོས་སོགས་ལྐོག་རྔན་སྤྲོད་ལེན་དང་བརྒྱུད་སྐུལ་ཐབས་ཤེས་དང་། འོས་བསྡུའི་ལས་དོན་ལ་འགལ་རྐྱེན་བྱེད་པོར་ཉེས་ཆད་ཅི་གཅོད་ལ་དམིགས་བསལ་ཐུགས་གཟབ་གནང་གལ་ཆེ་བ་དང་། དེང་སྐབས་སྤྱི་ཚོགས་ཁྲོད་ཁ་པར་དང་དྲ་ལམ་སོགས་སུ་འགན་འཁུར་གང་ཡང་མེད་པར་གནས་ཚུལ་བརྒྱུད་སྤེལ་བྱེད་པ་ནི་དཀའ་ངལ་ཆེ་གྲས་ཤིག་ཡིན་པ་མ་ཟད། དེ་དག་བརྒྱུད་སྒེར་ནད་སྤྱི་སྤུངས་ཀྱིས་ནང་ཁུལ་འཁྲུགས་གཞི་དང་། བདེ་འཇགས་ལ་གནོད་ཚབས་ཡོང་སྲིད་སྟབས། མང་ཚོགས་ཀྱིས་དགོས་མེད་དཀྲོགས་རྐྱེན་རིགས་ལ་དབུ་མི་འཁོར་བར་དོགས་ཟོན་དང་སྦིར་བསངས་དོད་པོ་བྱེད་དགོས་སྐོར། དེ་བཞིན་གསར་ཁང་ཁག་གིས་དུས་བསྟུན་གྱི་གནས་ཚུལ་རྣམས་ཕྱོགས་ལྷུང་བྲལ་བའི་དངོས་བརྟག་དྲང་བདེན་དང་ཁུངས་འཕེར་ཁྱབ་སྤེལ་བྱས་ཏེ། འོས་བསྡུ་ཆེན་མོར་མཐུན་འགྱུར་རམ་འདེགས་ཞུ་དགོས་སྐོར་གསུངས་སོང་།website for election དྲི་བ་དྲིས་ལན་གྱི་སྐབས་སུ་གསར་འགོད་པ་ཞིག་གིས། འདི་ལོར་ནད་ཡམས་ཀྱི་རྐྱེན་པས་འོས་བསྡུའི་འགན་འཛིན་རྣམས་ས་གནས་ལ་དངོས་སུ་ཕེབས་རྒྱུར་ཏོག་ཙམ་དཀའ་ངལ་འཕྲད་ཀྱི་ཡོད་པ་མ་ཟད། ས་གནས་སོ་སོར་དངོས་སུ་འོས་བསྡུ་བྱེད་པའི་སྐབས་དཀའ་ངལ་རིམ་པ་འཕྲད་ཀྱི་ཡོད་པ་དཔེར་ན། འདས་ལོར་མོན་གྷོ་ཌིའི་ས་གནས་སུ་འོས་བསྡུའི་ལས་མིར་ཉེས་རྡུང་བཏང་བ་ལྟ་བུའི་གནས་ཚུལ་འབྱུང་སྲིད་སྟབས། དེར་གདོང་ལེན་བྱེད་པའི་གྲ་སྒྲིག་ཅི་ཡོད་བཀའ་འདྲི་ཞུས་པར་སྤྱི་ཁྱབ་འགན་འཛིན་ལགས་ཀྱིས། རྒྱ་གར་ལ་ཆ་མཚོན་ན་ཁ་སང་ཕྱི་ཚེས་ ༤ ཉིན་ནད་པ་གྲངས་ ༥༢༠༣༠ བྱུང་ཡོད་པ་དང་། དེ་ནི་ནད་པའི་གྲངས་འབོར་མཐོ་ཤོས་ཀྱི་དུས་སྐབས་ལྟ་བའི་གནས་སྟངས་སུ་བསླེབས་ཡོད་པ་རེད། ང་ཚོས་རེ་བ་ལ་ནད་པའི་གྲངས་འབོར་མར་ཏན་ཏན་ཆགས་ཀྱི་རེད་བསམ་གྱི་འདུག ད་ལྟའི་དཀའ་ངལ་ཆེ་བའི་དུས་སྐབས་སུ་དྲ་ཐོག་ནས་ས་གནས་འོས་བསྡུའི་འགན་འཛིན་ཚོ་དང་ཚོགས་མི། ས་གནས་མི་མང་བཅས་ལ་གང་ཡོང་ཅི་ཡོང་གིས་གོ་རྟོགས་སྤེལ་ཐུབ་པའི་འབད་བརྩོན་ཞུ་རྒྱུ་ཡིན་པ་དང་། འོས་བསྡུའི་འགན་འཛིན་གསུམ་ས་གནས་སོ་སོར་བཅར་ཏེ་འོས་བསྡུ་ཚགས་ཚུད་ཡོང་བར་ཐབས་ཤེས་བྱེད་པའི་འཆར་གཞི་ཡོད་སྐོར་གསུངས་སོང།

ཡང་གསར་འགོད་པས་ཕྱི་ལོ་ ༢༠༡༦ ལོའི་འོས་བསྡུའི་སྐབས་སུ། དགོན་སྡེ་གྲྭ་ཚང་གིས་འོས་མི་བྱེ་བྲག་པ་རེར་དགོན་པའི་ནང་དྲིལ་བསྒྲགས་རིགས་བྱེད་བཅུག་མེད་པའི་གནད་དོན་བྱུང་ཡོད་པའི་ཐད་དབུས་འོས་བསྡུ་ལས་ཁང་ནས་ལམ་སྟོན་འདྲ་ཡོད་མེད་དྲིས་པར་འོས་བསྡུའི་འགན་འཛིན་ལགས་ཀྱིས།  སྤྱིར་བཏང་ང་ཚོས་མཁྱེན་གསལ་ལྟར། ང་ཚོའི་གཞི་གཏུག་ས་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དེ་རེད། བཅའ་ཁྲིམས་ནང་དུ་ཐོབ་ཐང་དང་ལས་འགན་གཉིས་གནང་ཡོད་པ་རེད། དེ་ལ་བརྩི་སྲུང་བྱེད་ཀྱི་མེད་ཟེར་བའི་གནས་སྟངས་ཤིག་ཡོང་གི་མ་རེད་བསམ་གྱི་ཡོད། དཔེར་ན་ཁྲིམས་ཀྱི་མདུན་སར་འདྲ་མཉམ་རེད། ཆོས་དད་རང་དབང་དང་། དེ་བཞིན་འོས་འཕེན་རྒྱུ་དང་འོས་གཞིར་བཞེང་རྒྱུ་དེ་དག་ཆ་ཚང་བཅའ་ཁྲིམས་ནང་གསལ་ཡོད། དེར་བརྟེན། དབུས་འོས་བསྡུའི་ལས་ཁང་ནས་ད་ལྟ་སྙན་གསེང་ཞུ་རྒྱུ་དེ། ད་ལྟ་བཀག་འགོག་བྱས་ཟིན་པའི་ཆོལ་ཁ་ཆོས་ལུགས་དང་། གཞུང་འབྲེལ་མ་ཡིན་པ། ཆོས་སྡེ་ཁག་བཅས་ཀྱིས་འོས་གཞི་སློང་རྒྱུ་དེ་ཆོག་གི་མེད་པ་རེད། དེར་བརྟེན་སློབ་གྲྭ་ཁག་ཕུད་པའི་དེ་བྱིངས་ནང་ལ་སོ་སོའི་འོས་ཤོག་ཆེད་སུ་འདྲ་ཞིག་ཕེབས་པ་ཡིན་ནའང་། རང་དབང་གི་ཐོག་ནས་ཕེབས་ཆོག་རྒྱུའི་གནས་སྟངས་བཟོ་དགོས་པ་གལ་ཆེན་པོ་རེད། དེའི་ཐད་ཚང་མས་མཐུན་འགྱུར་རམ་འདེགས་གནང་རོགས། ཞེས་གསུངས་སོང་།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༨/༠༥

Leave a Reply