ཀྲོ་ཀྲིན་ཡོང་ལ་ཚེ་བཙོན་ཁྲིམས་ཐག་བཅད་འདུག

རྒྱ་ནག་ཧྲན་ཞི་ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཟུར་པས་ཁྱོན་རྒྱ་སྒོར་ས་ཡ་ ༧༡༧ ལྐོག་ཟ་བྱས་པའི་ཉེས་མིང་འོག་ཚེ་བཙོན་ཁྲིམས་ཐག་བཅད་འདུག 

རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ཀྲེ་ཅང་(Tianjin)འབྲིང་རིམ་མི་མང་ཁྲིམས་ཁང་གིས། ཕྱི་ལོ་ ༢༠༡༩ ལོའི་ལོ་མགོར་འཛིན་བཟུང་བྱས་པའི་རྒྱ་ནག་ཧྲན་ཞི་(Shanxi)ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཟུར་པ་དང་། དམར་ཤོག་ཚོགས་པའི་རྒྱལ་ཡོངས་དམངས་འཐུས་ནང་སྲིད་དང་། ཁྲིམས་འཛིན་ལས་དོན་ལྷན་ཚོགས་ཀྱི་རྒྱུན་ལས་གཞོན་པ་ཀྲོ་ཀྲིན་ཡོང(Zhao Zhengyong)གིས། འཛུགས་སྐྲུན་དང་ཚོང་ལས། གོ་གནས་སོགས་ཀྱི་གོ་སྐབས་སྤྱད་ནས་རྒྱ་སྒོར་ས་ཡ་ ༧༡༧ ལྐོག་ཟ་བྱས་པའི་ནག་ཉེས་འོག་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་འདུག

དེ་འབྲེལ་གནས་ཚུལ་ནང་ཁྲིམས་ཁང་གིས་ཀྲོ་ཀྲིན་ཡོང་གིས་ལྐོག་ཟ་རུལ་སུངས་འབོར་ཆེན་དང་། དམར་ཤོག་ཚོགས་པའི་སྒྲིག་ཁྲིམས་ལ་ཚབས་ཆེན་འགལ་ཡོད་པས་སྲོག་ཁྲིམས་ཀྱི་ཉེས་ཆད་འབབ་ན་ཡང་། ཁོས་རང་གི་ཉེས་པ་ཁས་ལེན་དང་བློ་ཕམ་ཡོད་སྐོར་བརྗོད་སོང་བས། ཁོང་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་དང། མ་འོངས་པར་ཁོའི་ཚེ་བཙོན་ཁྲིམས་ཆད་ཀྱི་དུས་ཡུན་ཉུང་དུ་གཏོང་རྒྱུ་སོགས་མེད་སྐོར་བརྗོད་འདུག

ཀྲོ་ཀྲིན་ཡོང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་ཆེན་པོ་བཏང་ཡོད་པའི་དོགས་གཞིའི་འོག སྔར་ལོའི་ཕྱི་ཟླ་ ༡ ཚེས་ ༡༥ ཉིན་འཛིན་བཟུང་བྱས་ཏེ་ཞིབ་བཤེར་བྱས་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༥ ཚེས་ ༡༡ ཉིན་ཁོས་ནག་ཉེས་ཕྱི་བསྒྲགས་བྱས་ཡོད་ཀྱང་། ད་བར་ཁོ་ལ་ཁྲིམས་ཐག་མ་བཅད་པར་བཞག་ཡོད་པ་རེད། ཁོ་ནི་ཅང་ཙེ་མིན་དང་ཀྲུའུ་ཡོང་ཁཱང་ཕྱོགས་ཁག་གི་ལངས་ཕྱོགས་འཛིན་མཁན་དང་ཁོ་ཚོའི་དུས་སྐབས་ནང་གོ་གནས་ཐོབ་པའི་དཔོན་རིགས་ཤིག་ཡིན་སྟབས། ཞི་ཡིས་ཆམ་ལ་ཕབ་པར་བཤད་པ་དང་། ཁོ་ནི་ཕྱི་ལོ་ ༢༠༡༩ ལོའི་ལྐོག་ཟ་རུལ་སུངས་རྡུང་རྡེག་འོག་འཛིན་བཟུང་བྱས་པའི་རྒྱ་ནག་གི་སྟག་རྒན་དང་པོ་དེ་ཡིན་པ་རེད།

གནད་དོན་དེའི་ཐད་ཆབ་སྲིད་དབྱེ་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་མཐོ་རིམ་དཔོན་རིགས་མང་པོ་ཞིག་ལ་ལྐོག་ཟ་རུལ་སུངས་ཀྱི་དོགས་གཞི་ཡོད་སྐོར་བརྗོད་ནས་འཛིན་བཟུང་བཙན་འཁྲིད་བྱས་ཡོད་ཀྱང་། མང་པོ་ཞིག་ལ་ད་དུང་ཁྲིམས་ཁང་གི་ཞིབ་དཔྱོད་དང་བཅད་ཁྲ་སོགས་གང་ཡང་མེད་པར་བཞག་ཡོད་ན་ཡང་། ཐེངས་འདིར་ཀྲོ་ཀྲིན་ཡོང་ལ་ཁྲིམས་ཁང་གི་ཞིབ་དཔྱོད་དེ་རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་ཧྲན་ཞི་ཞིང་ཆེན་ནང་ལྟ་སྐོར་དུ་སོང་ནས་བདུན་ཕྲག་གཉིས་ཙམ་ལས་མ་སོང་བར་ཕྱིར་བསྒྲགས་བྱས་ཡོད་པ་དང་།  ཞི་ཡིས་ཧྲན་ཞི་རུ་གཏམ་བཤད་སྐབས་ལྐོག་ཟ་རུ་སུངས་ཀྱི་གནད་དོན་རྩ་མེད་བཟོ་དགོས་སྐོར་སོགས་བརྗོད་ཡོད་པ་ལྟར། གནད་དོན་དེ་ནི་རྒྱ་ནག་དམར་ཤོག་ཀྲོ་ཀྲིན་ཡོང་ལྟ་བུའི་མཐོ་རིམ་དཔོན་རིགས་མཐོ་གྲས་ཁག་གི་རྒྱབ་རྩར་ལངས་མཁན་ཚོར་ཉེན་བརྡ་ཞིག་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག

ཀྲོ་ཀྲིན་ཡོང་ནི་ད་ལོ་ལོ་ན་ ༦༨  ཡིན་པ་དང་། ཕྱི་ལོ་ ༡༩༥༡ ལོར་རྒྱ་ནག་བྱང་ཤར་རྒྱུད་ཀྱི་ཨན་ཧེ(Anhui)ཞིང་ཆེན་མཱ་ཨན་ཧྲན་(马鞍山)གྲོང་ཁྱེར་དུ་སྐྱེས་ཤིང་། རྒྱ་ནག་གཞུང་འབྲེལ་ལྷོ་ཕྱོགས་གཙུག་ལག་སློབ་གཉེར་ཁང་ནས་སློབ་མཐར་ཕྱིན་རྗེས། མཱ་ཨན་ཧྲན་རྣོ་ལྕགས་བཟོ་གྲྭའི་ནང་ལས་གཉེར་བྱས་ཡོད་པ་དང་། ཕྱི་ལོ་ ༡༩༧༣ ནས་རྒྱ་ནག་དམར་ཤོག་ཚོགས་པའི་ནང་ཞུགས་ཏེ། རྒྱ་ནག་དམར་ཤོག་ཚོགས་པའི་ན་གཞོན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་རྒྱ་ནག་ཧང་ཧྲན་(Huangshan)གྲོང་ཁྱེར་དམར་ཤོག་ཚོགས་པའི་ཚོགས་གཙོ་སོགས་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༠༥ ནས་རྒྱ་ནག་ཧྲན་ཞི་ཞིང་ཆེན་གྱི་མགོ་འཁྲིད་གཞོན་པ་དང་ཕྱི་ལོ་ ༢༠༡༠ ནས་ཧྲན་ཞི་ཞིང་ཆེན་གྱི་སྤྱི་ཁྱབ་མགོ་གཙོར་བསྐོས་རྗེས། ཕྱི་ལོ་ ༢༠༡༡ ལོར་རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་ ༡༨ པའི་མི་མང་འཐུས་མི་དང་ཕྱི་ལོ་ ༢༠༡༢ ལོ་ནས་ཧྲན་ཞི་དམར་ཤོག་ཚོགས་པའི་མགོ་གཙོ་གཞོན་པར་བསྐོས་ཡོད་པ་དང་། ཁོ་ནི་དམར་ཤོག་ཚོགས་པའི་དཔོན་རིགས་ཚོས་རེ་བ་ཆེན་པོ་བྱེད་ས་ཞིག་དང་། ཕྱི་ལོ་ ༢༠༡༦ ལོ་ནས་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་ཡོངས་དམངས་འཐུས་ནང་སྲིད་དང་། ཁྲིམས་འཛིན་ལས་དོན་ལྷན་ཚོགས་ཀྱི་རྒྱུན་ལས་གཞོན་པར་བསྐོས་ཡོད་ཀྱང་། ཕྱི་ལོ་ ༢༠༡༩ ལོར་ཁྲིམས་འགལ་སྒྲིག་འགལ་གྱི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༨/༠༥

Leave a Reply