མི་ལོ་ ༤༠ རྗེས་ཨ་རིའི་མཐོ་རིམ་མི་སྣ་ཐའེ་ཝན་ནང་ཕེབས་འཆར།

མི་འགྱངས་བར་ཨ་རིའི་འཕྲོད་བསྟེན་ལྷན་ཁང་གི་དྲུང་ཆེ་ལགས་ཀྱིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་ཞིག་གིས་ཐའེ་ཝན་ནང་གཟིགས་སྐོར་གནང་འཆར་ཡོད་པས་རྒྱ་ནག་གཞུང་གིས་ཨ་རིའི་བྱེད་སྟངས་དེས་ཐའེ་ཝན་གྱི་ཞི་བདེར་དཀྲུག་རྐྱེན་བཟོ་ཡི་ཡོད་པའི་སྐྱོན་འཛུགས་བྱས། དེ་རིང་ཐའེ་ཝན་གྱི་ཐའེ་པེ་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཨ་རིའི་ཕྱི་སྲིད་ལྷན་ཁང་ནས་མི་འགྱངས་བར་ཨ་རིའི་འཕྲོད་བསྟེན་ལྷན་ཁང་གི་དྲུང་ཆེ་སྐུ་ཞབས་ཨེ་ལེག་སི་ཨ་ཛར་ (Alex Azar)ལགས་ཀྱིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་ཞིག་གིས་ཐའེ་ཝན་ནང་གཞུང་འབྲེལ་གཟིགས་སྐོར་གནང་སྟེ། ཐའེ་ཝན་གྱི་ཏོག་དབྱིབས་གཉན་རིམས་འགོག་རྒོལ་ཐབས་བྱུས་ལ་རྒྱུས་ལོན་དང་སྦྲགས། ཕྱོགས་གཉིས་ཀྱི་འབྲེལ་ལམ་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་སྐོར་གསལ་བསྒྲགས་གནང་ཡོད་ཅིང་། དེ་ནི་ཕྱི་ལོ་ ༡༩༧༩ ལོར་ཨ་རི་དང་ཐའེ་ཝན་གྱི་ཕྱི་འབྲེལ་སྒོ་བརྒྱབ་རྗེས་ཀྱི་གཞུང་འབྲེལ་སྐོར་སྐྱོད་གནས་རིམ་མཐོ་ཤོས་(highest-level visit by a US Cabinet official since 1979)དེ་ཆགས་ཡོད་སྟབས། རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་ཐའེ་ཝན་ནི་ཨ་རྒྱའི་འབྲེལ་ལམ་གྱི་གནད་དོན་ལྟེ་བ་དེ་ཡིན་པ་དང་། ཨ་རིའི་བྱེད་སྟངས་དེ་ནི་ཁུལ་དེའི་ཞི་བདེར་དཀྲུག་རྐྱེན་བཟོས་པ་ཞིག་ཡིན་སྐོར་སྐྱོན་བརྗོད་བྱས་འདུག

སྤྱིར་ཨ་རིའི་འཕྲོད་བསྟེན་དྲུང་ཆེ་ཐའེ་ཝན་ལ་ཕེབས་རྒྱུའི་གནས་ཚུལ་ཉིན་ཤས་གོང་ནས་ཐོན་ཡོད་ཀྱང་། ཨ་རིའི་གཞུང་གིས་ཁ་སང་མ་གཏོགས་གཞུང་འབྲེལ་གསལ་བསྒྲགས་གནང་མེད་པ་རེད།  ཨ་རིའི་གསལ་བསྒྲགས་ནང་། བདེ་འཇགས་ཀྱི་ཆེད་དུ་སྐོར་སྐྱོད་ཀྱི་དུས་ཚོད་ཕྱིར་བསྒྲགས་བྱས་མེད་པ་དང་། སྐུ་ཞབས་ཨ་ཛར་ཐའེ་ཝན་ནང་ཕེབས་པའི་རིང་ཡུལ་དེའི་སྲིད་འཛིན་ཚའེ་ཡེན་ཝུན་ (Tsai Ing-wen)མཆོག་དང་། ཕྱི་སྲིད་བློན་ཆེན་རྗོ་སི་ཧྥེ་ཝོ་(Joseph Wu)ལགས། འཕྲོད་བསྟེན་དང་བདེ་དོན་བློན་ཆེན་ཁྲན་ཤི་ཁྲུང་ (Chen Shih-chung) ལགས་བཅས་ལ་ཐུག་འཕྲད་གནང་རྒྱུ་ཡིན་པ་མ་ཟད། ཐའེ་ཝན་གྱི་དབུས་ནད་ཡམས་འགོག་རྒོལ་ལྟེ་གནས་ཁང་ (The Central Epidemic Command Center) ལ་ཡང་གཟིགས་ཞིབ་གནང་རྒྱུ་ཡིན་སྐོར་དང་། ད་ཐེངས་ཨ་རིའི་གནས་རིམ་མཐོ་བའི་གཞུང་འབྲེལ་མི་སྣ་ཞིག་ཐའེ་ཝན་ལ་ཕེབས་རྒྱུའི་ཐག་གཅོད་དེ་ནི། ཕྱི་ལོ་ ༢༠༡༨ ལོའི་ཕྱི་ཟླ་ ༣ པའི་ནང་ཨ་རིའི་གཞུང་གིས་གཏན་འབེབ་ལག་བསྟར་བྱས་པའི་ཐའེ་ཝན་ལ་འགྲུལ་སྐྱོད་ཀྱི་ཁྲིམས་ཡིག་ (Taiwan Travel Act) གི་དགོངས་དོན་གཞིར་བཟུང་། ཕྱོགས་གཉིས་ཀྱི་འབྲེལ་ལམ་གོང་འཕེལ་གཏོང་ཆེད་ཡིན་སྐོར་གསལ་བཤད་གནང་ཡོད་འདུག དེ་བཞིན་ཐའེ་ཝན་གྱི་ཕྱི་སྲིད་ལྷན་ཁང་ངོས་ནས་ཀྱང་ད་ཐེངས་ཀྱི་གཟིགས་སྐོར་དེ་དངོས་བདེན་ཡིན་སྐོར་བསྒྲགས་ཡོད་འདུག

སྐུ་ཞབས་ཨ་ཛར་གྱི་ཐའེ་ཝན་ལ་ཕེབས་རྒྱུའི་གཞུང་འབྲེལ་བསྒྲགས་གཏམ་ནང་། ང་རང་ཐའེ་ཝན་ལ་བསྐྱོད་དེ། སྲིད་འཛིན་ཊོམ་ཕུ་མཆོག་གིས་ཐའེ་ཝན་ལ་ཡོད་པའི་འཛམ་གླིང་གི་འཕྲོད་བསྟེན་བདེ་འཇགས་ཀྱི་མགོ་འཁྲིད་ཀྱི་ནུས་པ་དེར་རྒྱབ་སྐྱོར་གནང་གི་ཡོད་པ་བརྗོད་འདོད་ཡོད་ལ། ང་ཚོ་རྒྱལ་ཁབ་གཉིས་ཀས་རང་དབང་དང་དམངས་གཙོའི་སྤྱི་ཚོགས་ནི་མི་མང་གི་འཕྲོད་བསྟེན་སྲུང་སྐྱོབ་དང་གོང་འཕེལ་གྱི་སྒྲོམ་གཞི་ལེགས་ཤོས་ཤིག་ཡིན་པར་ཡིད་ཆེས་བྱེད་བཞིན་ཡོད་པ་ནན་བཤད་བྱ་འདོད་ཡོད། ཅེས་དང་། ཐེངས་འདིའི་སྐོར་སྐྱོད་ནི་ཨ་རི་དང་ཐའེ་ཝན་གྱི་དཔལ་འབྱོར་དང་སྤྱི་དམངས་འཕྲོད་བསྟེན་ཀྱི་སྟོབས་ཤུགས་རྒྱ་སྐྱེད་གཏོང་རྒྱུའི་གོ་སྐབས་ཤིག་ཡིན་པ་དང་། ལྷག་པར་དུ་ཨ་རི་གཙོས་པའི་རྒྱལ་ཁབ་གཞན་མང་པོས་འཕྲོད་བསྟེན་སྨན་བཅོས་ལག་ཆ་ཇེ་བཟང་དུ་གཏོང་རྒྱུའི་ལམ་བུར་བཞུད་ཀྱིན་པའི་དུས་སྐབས་འདིར་མཚོན་ན། སྐོར་སྐྱོད་འདི་གལ་ཆེན་ཞིག་ཆགས་ཡོད་སྐོར་བརྗོད་ཡོད་འདུག ཁོང་གིས་དེ་ལྟར་བརྗོད་དོན་ནི། ཐའེ་ཝན་ནི་འཛམ་གླིང་སྟེང་གི་སྨན་བཅོས་ཐོན་རྫས་འདོན་མཁན་ཆེ་ཤོས་ཤིག་ཡིན་པས་རེད་འདུག

ཚོང་འབྲེལ་དང་། རྒྱལ་སྲུང་བདེ་འཇགས། འགྲོ་བ་མིའི་ཐོབ་ཐང་སོགས་གནད་དོན་མི་ཉུང་བའི་རྐྱེན་པས་ཨ་རྒྱའི་འབྲེལ་ལམ་དེ་ཆེས་ཛ་དྲག་གི་གནས་སུ་ལྷུང་ཡོད་པའི་སྐབས་འདིར། ཨ་རིས་ཐའེ་ཝན་ནང་གནད་ཡོད་གཞུང་འབྲེལ་སྐུ་ཚབ་ཚོགས་ཆུང་ཞིག་གཏོང་རྒྱུའི་ཐག་གཅོད་བྱས་པ་དེར། ཁ་སང་རྒྱུན་ལྡན་གསར་འགོད་གསལ་བསྒྲགས་ཤིག་གི་སྟེང་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཝང་ཝིན་པིན་ (Wang Wenbin) ཟེར་བ་དེས། རྒྱ་ནག་ངོས་ནས་ཨ་རི་དང་ཐའེ་ཝན་བར་གཞུང་འབྲེལ་གྱི་འབྲེལ་ལམ་འཛུགས་བཞིན་པ་དེར་ངོ་རྒོལ་དང་། ཐའེ་ཝན་གྱི་གནད་དོན་དེ་ཚོར་ཤུགས་སྐྱེན་པའི་གནད་དོན་ཞིག་ཡིན་པ་དང་། རྒྱ་ནག་གཅིག་གི་སྲིད་བྱུས་ནི་ཕྱི་འབྲེལ་གྱི་གཞི་རྩ་ཡིན་པ། ཨ་རིའི་ཕྱོགས་ནས་ཐའེ་ཝན་རང་བཙན་གྱི་གོ་བརྡ་ནོར་འཁྲུལ་ཅན་གཏོང་རྒྱུར་འཛེམ་ཟོན་བྱ་དགོས་སྐོར་བརྗོད་ཡོད་འདུགཁ་སང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེ་ (Wang Yi) ཡིས་གཞུང་འབྲེལ་ཤིན་ཧྭ་གསར་ཁང་ལ་བཅར་འདྲི་ཞིག་སྤྲད་པའི་སྐབས། པེ་ཅིན་གཞུང་ལ་ཨ་རིའི་འོས་བསྡུ་དང་ནང་སྲིད་ལ་ཐེ་བྱུས་བྱ་རྒྱུའི་དམིགས་ཡུལ་དང་འདོད་པ་མེད་པ་ལྟར། ཨ་རིས་རྒྱ་ནག་བསྐྱར་བཅོས་བྱ་རྒྱུའི་འཁྲུལ་ཤེས་དེ་འདོར་དགོས་པ། རྒྱ་ནག་ཕྱོགས་ནས་གྲང་དམག་གསར་པ་ཞིག་བསྐྲུན་རྒྱུའི་འདོད་པ་མེད་ཅིང་། ཨ་རིའི་བྱེད་སྟངས་ལ་དུས་མཐུན་གྱི་རྒོལ་ལན་རན་འཚམ་སློག་ཐབས་བྱ་རྒྱུ་ཡིན་སྐོར་བརྗོད་འདུག དེ་བཞིན་རྒྱ་ནག་ངོས་ནས་ཨ་རི་དང་ལྷན་དུ་གནད་དོན་གང་གི་ཐད་ལའང་གུ་ཡངས་ཀྱི་ཐོག་ནས་གྲོས་མོལ་བྱ་རྒྱུའི་གྲ་སྒྲིག་ཡོད་སྐོར་བརྗོད་ཡོད་འདུག

རྒྱ་ནག་གཞུང་གིས་དཔལ་འབྱོར་དང་ཕྱི་འབྲེལ་སྟོབས་ཤུགས་བཀོལ་ཏེ་ཐའེ་ཝན་དེ་རྒྱལ་སྤྱིའི་འབྲེལ་ལམ་ནས་ཟུར་དུ་ཕུད་ཐབས་བྱེད་མུས་ཡིན་ནའང་། ཨ་རི་ནི་ཐའེ་ཝན་གྱི་གོ་མཚོན་ཕྱིར་འདྲེན་མང་ཤོས་བྱེད་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། ཨ་རིས་ཐའེ་ཝན་དེ་གཞུང་འབྲེལ་མཐུན་གྲོགས་རྒྱལ་ཁབ་ཅིག་ཏུ་རྩི་ཡི་མེད་ཀྱང་། ལྷོ་རྒྱ་ནག་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་མཐུན་ཕྱོགས་ཤོག་ཁག་ཅིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། དེ་ཡང་འདས་ལོའི་ཕྱི་ཟླ་ ༨ པའི་ནང་ཨ་རིས་རྒྱ་ནག་གི་ཉེན་བརྡ་ལ་མ་འཛེམ་པར། ཐའེ་ཝན་ལ་ F-16C/D རྟགས་ཅན་གྱི་འཐབ་འཁྲུག་གནམ་གྲུ་ཚུད་པའི་ཨ་སྒོར་ཐེར་འབུམ་ ༨ ཀྱི་གོ་མཚོན་བཙོང་རྒྱུའི་གན་རྒྱར་མིང་རྟགས་རྟགས་ཡོད་པ་རེད།

ཕྱི་ལོ་ ༢༠༡༦ ལོར་དམངས་གཙོ་ཡར་རྒྱས་ཚོགས་པར་རྒྱལ་ཡོངས་འོས་བསྡུར་རྒྱལ་ཁ་ཆེན་པོ་ཐོབ་སྟེ། ཚའེ་ཡེན་ཝུན་མཆོག་སྲིད་འཛིན་དུ་བདམས་ཐོན་བསྐོ་གཞག་བྱུང་བ་ནས་བཟུང་། རྒྱ་ནག་གིས་ཐའེ་ཝན་དང་གཞུང་འབྲེལ་གྱི་འབྲེལ་ལམ་ཡོད་ཚད་བཅད་ཡོད་པ་མ་ཟད། ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་དང་། དམག་གི་ལྟེ་གནས་འཛུགས་སྐྲུན་གྱིས་མཚོན་པའི་དམག་དོན་བྱ་འགུལ་ཤུགས་ཇེ་ཆེར་བཏང་སྟེ། ཐའེ་ཝན་ལ་རང་གི་དམག་གི་སྟོབས་ཤུགས་ངོམས་ཐབས་བྱས་ཡོད་ཅིང་། སྲིད་འཛིན་ཞི་ཅིན་ཕིན་གྱིས་རྒྱ་ནག་གཅིག་སྒྲིལ་གྱི་འབོད་སྒྲའི་འོག་ནས། ཐའེ་ཝན་དེ་རྒྱ་ནག་གཅིག་ནང་བསྡུ་རྒྱུ་ནི་རྒྱལ་སྲུང་གྱི་དམིགས་ཡུལ་གཙོ་བོ་ཞིག་ཏུ་ངོས་འཛིན་བྱས་ཡོད། ཡིན་ན་ཡང་། རྒྱ་ནག་གི་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་བྱུས་ལ་ངོ་རྒོལ་བསྟུད་མར་བྱེད་པའི་སྲིད་འཛིན་ཚའེ་ཡེན་ཝུན་མཆོག་གིས་དབུ་ཁྲིད་པའི་ཐའེ་པའེ་གཞུང་གིས། འདས་པའི་ལོ་ ༤ ནང་རྒྱལ་སྤྱིའི་འབྲེལ་ལམ་ནང་ཞུགས་ཏེ་ཕྱི་འབྲེལ་འཛུགས་ཐབས་ལ་གཞོལ་ཡོད་པ་མ་ཟད། ལྷག་པར་དུ་ཨ་རིས་མཚོན་པའི་རྒྱ་ནག་གི་ཁ་གཏད་རྒྱལ་ཁབ་དང་འབྲེལ་བ་སྔར་བས་ཇེ་ཟབ་ཏུ་བཏང་ཡོད་པ་རེད། ལྷག་པར་དུ་འདི་ལོར་ཏོག་དབྱིབས་གཉན་རིམས་ཀྱིས་ཛ་དྲག་གནས་སྟངས་ལ་ཐའེ་ཝན་གྱིས་དུས་བསྟུན་འགོག་རྒོལ་ཐབས་བྱུས་ལེགས་གྲུབ་བྱུང་བར། རྒྱལ་སྤྱིའི་སྤྱི་ཚོགས་ནས་བསྔགས་བརྗོད་ཤུགས་ཆེར་ཐོབ་ཡོད་པ་མ་ཟད། ཐའེ་ཝན་ངོས་ནས་ཀྱང་དེ་ཉིད་ཕྱི་འབྲེལ་གྱི་ལག་ཆ་ཞིག་ཏུ་སྤྱད་དེ། ཨ་རི་དང་། ཨེ་ཊ་ལི་ལྟ་བུ་གཉན་རིམས་ཀྱིས་བཟུང་བའི་རྒྱལ་ཁབ་མི་ཉུང་བར། ཐའེ་ཝན་ནས་བཟོ་སྐྲུན་བྱས་ཞེས་པའི་ཡིག་འབྲུ་འཁོད་པའི་ཁ་རས་ས་ཡ་མང་པོ་སྦྱིན་གཏོང་བྱས་ཡོད་ཅིང་། རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་དུའང་ཐའེ་ཝན་ལ་རྒྱལ་ཚོགས་ཀྱི་འཕྲོད་བསྟེན་ལྷན་ཚོགས་ནང་ཟུར་ཉན་གྱི་ཞབས་བཀྱག་སྦྱིན་དགོས་པའི་གླེང་གཞི་བསླངས་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༨/༠༦

Leave a Reply