ཨ་རིའི་ཕྱི་སྲིད་ལྷན་ཁང་ནས་བོད་ནང་འགྲོ་སྐྱོད་ཀྱི་གནས་སྟངས་ཐད་སྙན་ཐོ་བཏོན།

བོད་ནང་འགྲོ་འོང་འདྲ་མཉམ་གྱི་ཁྲིམས་ཡིག་གཞིར་བཟུང་ཨ་རིའི་ཕྱི་སྲིད་ལྷན་ཁང་ནས་ཨ་རིའི་མི་སེར་བོད་ནང་འགྲོ་འོང་ཐད་ཀྱི་གནས་སྟངས་ཇི་ཡིན་གྱི་ལོ་འཁོར་སྙན་ཐོ་ཐོག་མ་དེ་གྲོས་ཚོགས་ལ་སྤྱན་འབུལ་ཞུས་འདུགཁ་སང་ཕྱི་ཚེས་ ༥ ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་བོད་ནང་འགྲོ་འོང་འདྲ་མཉམ་དགོས་པའི་ཁྲིམས་ཡིག་དང་འབྲེལ་སྙན་ཐོ་ཞིག་ཨ་རིའི་གྲོས་ཚོགས་ལ་ཕུལ་འདུག་པ་དང་། དེའི་ནང་ཕྱི་ལོ་ ༢༠༡༩ ལོར་ཨ་རིའི་ཕྱི་སྲིད་ལས་དོན་ཆེད་བོད་སྐྱོད་ཆོག་མཆན་ ༡༠ ཞུས་པའི་ཁྲོད་ ༥ ལ་ཆོག་མཆན་སྤྲད་པ་ལས་གཞན་རྣམས་ལ་སྤྲད་མེད་སྐོར་དང་། བོད་རིགས་འདུས་སྡོད་བྱེད་སའི་ཆོས་ལུགས་དང་རིག་གཞུང་གི་ལྟེ་གནས་ཁག་ཏུ་རྒྱ་ནག་གི་ས་ཁུལ་ཁག་དང་བསྡུར་ཚེ་དམ་དྲག་ཆེ་བ་བྱེད་བཞིན་ཡོད་སྐོར་བཀོད་འདུག

སྙན་ཐོའི་ནང་། ཕྱི་ལོ་ ༢༠༡༩ ལོར་ཨ་རིའི་ཕྱི་སྲིད་ལས་དོན་ཆེད་བོད་སྐྱོད་ཆོག་མཆན་ ༡༠ ཞུས་པའི་ཁྲོད་ ༥ ལ་ཆོག་མཆན་སྤྲད་པ་ལས་གཞན་རྣམས་ལ་སྤྲད་མེད་པ་དང་། བོད་ནང་སྐོར་སྐྱོད་སྐབས་བོད་རང་སྐྱོང་ལྗོངས་སུ་རྒྱ་ནག་གཞུང་གིས་ཆེད་བསྐོས་བདེ་སྲུང་མི་སྣ་མཉམ་སྐྱོད་བྱས་ཏེ། སྐོར་སྐྱོད་ཀྱི་ལས་དོན་ཁྱོན་ཡོངས་ལ་ལྟ་རྟོག་ནན་མོ་བྱེད་པ་དང་། བོད་དཀར་མཛེས་དང་རྔ་བ་ཁུལ་དུ་བདེ་སྲུང་མི་སྣས་ཡང་ཡང་བཀག་ཏེ་འདྲི་རྩད་བྱེད་ཀྱི་ཡོད་པ་མ་ཟད། ཁྲིན་ཏུར་བཅའ་སྡོད་ཨ་རིའི་དོན་གཅོད་ཀྱིས་བོད་རྔ་བ་ཁུལ་དུ་སྐོར་སྐྱོད་བྱེད་པར་ཐེངས་ ༥ ཆོག་མཆན་ཞུས་ཀྱང་གཅིག་ལས་གཞན་རྣམས་ལ་སྤྲད་མེད་པ་དང་། བོད་དཀར་མཛེས་ཁུལ་དུ་ཐེངས་འགར་ཞུས་ཀྱང་གཅིག་ལའང་ཆོག་མཆན་སྤྲད་མེད་པ། དོན་གཅོད་ཀྱི་ལས་མིར་ཆོག་མཆན་མེད་པར་རྔ་བ་ཁུལ་དུ་འགྲོ་སྐབས། ས་གནས་གཞུང་གིས་ཆོག་མཆན་མེད་པར་འགྲོ་མི་ཆོག་པ་དང་། བྱ་སྤྱོད་དེ་ནི་མ་འོངས་བའི་སྐོར་སྐྱོད་ལ་འགོག་རྐྱེན་བཟོ་གཞི་ཞིག་ཡིན་བརྗོད་ཡོད་སྐོར་དང་། ཕྱི་ལོ་ ༢༠༡༩ ལོ་དང་ ༢༠༡༨ གཉིས་སུ་ཨ་རིའི་ཡུལ་མི་ཁྲི་ ༡ ཙམ་རེ་མ་གཏོགས་བོད་རང་སྐྱོང་ལྗོངས་སུ་ཕྱིན་མེད་པ་དང་། རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་སུ་ཕྱི་ལོ་ ༢༠༡༨ ལོར་ཕྱིའི་ཡུལ་སྐོར་བ་ས་ཡ་ ༣༠ བྱུང་སྐོར་དང་ཕྱི་ལོ་ ༢༠༡༩ ལོར་ས་ཡ་ ༤༠ ལ་འཕར་ཡོད་ཚུལ་བསྒྲགས་ཡོད་ནའང་། ཨ་རིའི་མི་ སེར་ཡུལ་སྐོར་བ་ཕྱི་ལོ་ ༢༠༡༨ ལོ་དང་བསྡུར་ཚེ་ཕྱི་ལོ་ ༢༠༡༩ ལོར་མང་དུ་ཕྱིན་མེད་སྐོར་བཀོད་འདུག

ཡང་སྙན་ཐོའི་ནང་། རྒྱ་ནག་གཞུང་གི་སྒྲིག་གཞི་ཁག་གི་ནང་རྒྱལ་སྤྱིའི་གསར་འགོད་པ་ཚོ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་གྱི་ས་ཁུལ་གང་དུའང་ཕྱིན་ཆོག་ནའང་། བོད་རང་སྐྱོང་ལྗོངས་ནང་ཆོག་མཆན་མེད་པར་འགྲོ་སྐྱོད་མི་ཆོག་པ་དང་། རྒྱ་ནག་གཞུང་གིས་ཨ་རིའི་གསར་འགོད་པ་ཚོར་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་པ་མ་ཟད། བོད་ནང་གི་གནས་ཚུལ་བཀོད་ཚེ་ཕྱིར་འཕུད་གཏོང་ངེས་པའི་འཇིགས་སྐུལ་བྱེད་པ། བོད་ནང་ནས་གནས་ཚུལ་མཁོ་གཏོང་བྱེད་པའི་གསར་འགོད་པ་བཅུ་ཡི་ནང་ནས་དགུ་ཡིས་གནས་ཚུལ་མཁོ་སྒྲུབ་བྱེད་པར་བཀག་སྡོམ་བྱས་པའམ་མཁོ་སྒྲུབ་བྱེད་དུ་བཅུག་མེད་པ་བརྗོད་ཡོད་སྐོར་དང་། ཨ་རིའི་གསར་འགོད་པ་ཞིག་ལ་བོད་ནང་གི་གནས་ཚུལ་མཁོ་སྒྲུབ་བྱེད་པའི་ཆོག་མཆན་རག་ནའང་། ཡུལ་མི་རྣམས་གསར་འགོད་པར་ཐུག་འཕྲད་བྱེད་པར་བཀག་འགོག་དང་གནོན་ཤུགས་སྤྲོད་ཀྱི་ཡོད་སྐོར་བཀོད་འདུག

དེ་བཞིན་འདས་ལོ་ཁྲིན་ཏུར་བཅའ་སྡོད་ཨ་རིའི་དོན་གཅོད་ཀྱི་ལས་མི་སི་ཁྲོན་དང་ཡུ་ནན་ཞིང་ཆེན་གྱི་བོད་རིགས་འདུས་སྡོད་ཁུལ་དུ་སྐྱོད་སྐབས། བོད་ཀྱི་དགོན་པ་རེ་འགའི་ནང་འགྲོ་རྒྱུར་བཀག་འགོག་བྱེད་པ་དང་། ས་ནས་ཀྱི་ཆོས་ལུགས་མི་སྣར་ཐུག་འཕྲད་བྱེད་དུ་མི་འཇུག་པ། དེ་བཞིན་ཁྲིན་ཏུའི་ཨ་རིའི་སྤྱི་ཁྱབ་དོན་གཅོད་པས་བླ་རུང་སྒར་དང་ཡ་ཆེན་སྒར་གྱི་བླ་མ་ཚོར་མཇལ་འཕྲད་ཡོང་ཆེད་ཡང་ཡང་ཆོག་མཆན་ཞུས་ནའང་སྤྲད་མེད་པ་མ་ཟད། རྔ་བ་ཀིརྟི་དགོན་དུ་དམག་མི་ཤུགས་ཆེར་འགྲེམས་འཇོག་དང་། རླངས་འཁོར་རྣམས་ལ་ཞིབ་བཤེར་བྱས་ཏེ་ཕྱི་རྒྱལ་བ་ནང་དུ་གཏོང་གི་མེད་པར། སྤྱི་ཡོངས་ནས་བོད་རིགས་འདུས་སྡོད་བྱེད་པའི་ཆོས་ལུགས་དང་རིག་གཞུང་གི་ལྟེ་གནས་ཁག་ཏུ་རྒྱ་ནག་གི་ས་ཁུལ་ཁག་དང་བསྡུར་ཚེ་དམ་དྲག་ཆེ་བ་བྱེད་བཞིན་ཡོད་སྐོར་བཀོད་འདུགདེ་བཞིན་ཕྱི་ལོ་ ༢༠༡༩ ལོར་རྒྱ་ནག་གཞུང་གིས་རྩ་འཛུགས་རང་བཞིན་གྱི་ཐོག་ནས་ཨ་རིའི་ཕྱི་སྲིད་མི་སྣ་དང་གཞུང་ཞབས། གསར་འགོད་པ་དང་ཡུལ་སྐོར་བ་བོད་ཁུལ་དུ་འགྲོ་སྐྱོད་བྱེད་པར་བཀག་འགོག་བྱས་ཡོད་པ་དང་། ལྷག་པར་དུ་བོད་རང་སྐྱོང་ལྗོངས་སུ་རྒྱལ་སྤྱིའི་གསར་འགོད་པ་དང་ཕྱི་སྲིད་མི་སྣ། གཞུང་དོན་ཆེད་འགྲོ་སྐྱོད་བྱེད་པར་ངེས་པར་དུ་བོད་སྐྱོད་ཆོག་མཆན་ཞུ་དགོས་ནའང་། ཆོག་མཆན་ཞུ་སྐབས་སྤྲོད་ཀྱི་མེད་པ། ཡུལ་སྐོར་སྤྲོ་འཆམ་ཆེད་ཆོག་མཆན་ཐོབ་ཅུང་སླ་ནའང་། གསུམ་བཅུའི་དུས་དྲན་དང་༧གོང་ས་མཆོག་གི་འཁྲུངས་སྐར་སྐབས་ཆོག་མཆན་སྤྲོད་པར་རྟག་ཏུ་བཀག་འགོག་བྱེད་ཀྱི་ཡོད་པ། ཨ་རིའི་གཞུང་ཞབས་བོད་སྐྱོད་ཆོག་མཆག་ཐོབ་མཁན་ཚོར་ཧ་ཅང་དམ་དྲག་བྱས་ཡོད་སྐོར་སོགས་བཀོད་འདུག

ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡༩ ཉིན་གཏན་འབེབ་གནང་བའི་ཨ་རིའི་བོད་ནང་འགྲོ་འོང་འདྲ་མཉམ་གྱི་ཁྲིམས་ཡིག་ནང་། རྒྱ་ནག་གི་གཞུང་འབྲེལ་སྐུ་ཚབ་ཚུད་པའི་གསར་འགོད་པ་དང་། མི་སེར་དཀྱུས་མ་རྣམས་ཨ་རིར་བཀག་འགོག་མེད་པར་འགྲོ་སྐྱོད་ཆོག་པ་བཞིན། ཨ་རིའི་མི་སེར་རྣམས་ལ་ཡང་བོད་ནང་འགྲོ་སྐྱོད་ཆོག་པའི་གོ་སྐབས་འདྲ་མཉམ་ཡོད་དགོས་པ་དང་། ཁྲིམས་ཡིག་གཏན་འབེབ་ནང་ཚུན་ཨ་རིའི་མི་སེར་ཞིག་བོད་ནང་འགྲོ་སྐྱོད་བྱ་རྒྱུར་བཀག་འགོག་བྱེད་མཁན་རྒྱ་ནག་གི་མགོ་འཁྲིད་དག་ལ་ཨ་རིར་འགྲོ་འོང་བཀག་འགོག་བྱེད་དགོས་སྐོར་བཀོད་ཡོད། དེ་བཞིན་ཁྲིམས་ཡིག་དེ་ལག་བསྟར་བྱེད་མགོ་བཙུགས་པ་ནས་ཉིན་གྲངས་ ༩༠ ནང་ཨ་རིའི་འཛིན་སྐྱོང་ངོས་ནས་སྙན་ཐོ་ཞིག་འདོན་དགོས་པ་དང་། དེ་ནས་ལོ་ལྟར་ཁྲིམས་ཡིག་དེ་ཉིད་གཞིར་བཟུང་། ལོ་རེར་ཨ་རིའི་མི་སེར་བོད་ནང་འགྲོ་འོང་ཐད་ཀྱི་གནས་སྟངས་ཇི་ཡིན་གྱི་སྙན་ཐོ་ཞིག་གྲོས་ཚོགས་ལ་སྤྱན་འབུལ་ཞུ་དགོས་ཀྱི་ཡོད་འདུག འོན་ཀྱང་ཁྲིམས་ཡིག་དེ་གཏན་འབེབ་བྱས་རྗེས་ཨ་རིའི་གྲོས་ཚོགས་ལ་ལོ་འཁོར་སྙན་ཐོ་ཕུལ་བ་ཐོག་མ་དེ་ཆགས་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༨/༡༠

Leave a Reply