རྒྱ་གར་གྱི་ཕྱི་སྐད་གདམ་གསེས་ནང་རྒྱ་ཡིག་མེད་པར་བཟོས།

འཛམ་གླིང་རྒྱལ་ཁབ་མང་པོས་རྒྱ་ནག་གི་ཁུང་ཙི་སློབ་གཉེར་ཁང་ཟེར་བ་སྒོ་བརྒྱབ་པ་དང་ཡང་ན་བསྐྱར་ཞིབ་བྱེད་ཀྱི་ཡོད་པ་ལྟར་རྒྱ་གར་གཞུང་གིས་ཀྱང་གཙུག་ལག་སློབ་ཁང་ཁག་གི་ནང་དེའི་ཐད་བསྐྱར་ཞིབ་གནང་གཏན་འཁེལ་འདུགརྒྱ་གར་གྱི་ཧིན་རྡུ་གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན།  ཉེ་སྔོན་རྒྱ་གར་གཞུང་གིས་ཤེས་ཡོན་སྲིད་བྱུས་ཀྱི་སྒྲོམ་གཞིར་འགྱུར་བ་བཏང་བ་དང་འབྲེལ། ད་ལྟ་རྒྱ་གར་ཤེས་རིག་ལྷན་ཁང་གིས། རྒྱ་གར་གྱི་གཙུག་ལག་སློབ་གྲྭ་ཁག་ཏུ་རྒྱ་ཡིག་སློབ་འཁྲིད་བྱེད་པའི་གྲོས་ཆོད་ཁག་ལ་བསྐྱར་ཞིབ་བྱས་ཏེ། རྒྱ་གར་གྱི་སློབ་གསོའི་སྡེ་ཁག་ལ་རྒྱ་ནག་གཞུང་གིས་རོགས་དངུལ་དང་མ་འཛུགས་ཀྱི་འབྲེལ་ལམ་གང་ཡོད་ཞིབ་འཇུག་གནང་རྒྱུ་ཡིན་པ་མ་ཟད། ཕྱི་ལོ་ ༢༠༢༠ ལོའི་རྒྱ་གར་གྱི་ཤེས་ཡོན་སྲིད་བྱུས་གསར་པའི་ནང་། རྒྱ་ཡིག་སློབ་ཚན་ཕྱིའི་སྐད་ཡིག་གདམ་གའི་ཐོ་གཞུང་ནས་མེད་པར་བཟོས་ཡོད་འདུག

གནད་དོན་དེའི་ཐད་ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས། རྒྱ་དཀར་ནག་བར་ཁུང་ཙི་སློབ་གསོའི་ལས་གཞིའི་ཐོག་མཉམ་འབྲེལ་བྱས་ཏེ་ལོ་ངོ་ ༡༠ ལྷག་ཕྱིན་ཡོད། ཁུང་ཙི་སློབ་གཉེར་ཁང་ཚང་མ་རྒྱ་གར་གྱི་གཙུག་ལག་སློབ་གྲྭ་ཁག་དང་རྒྱ་ནག་བར་གྲོས་བསྡུར་བྱས་ཏེ་འདྲ་མཉམ་དང་ཁེ་ཕན་གཅིག་མཚུངས་ཡོད་པ་གཞིར་བཞག་ཐོག་བྱུང་བ་མ་ཟད། རྒྱ་གར་ཕྱོགས་ནས་ཁུང་ཙི་སློབ་ཁང་ནས་ལས་དོན་གཉེར་བའི་ཆ་རྐྱེན་ཁག་ལ་དང་བླངས་དང་ཁས་ལེན་བྱས་ཡོད། ཅེས་དང་། ང་ཚོའི་རེ་བར་རྒྱ་གར་གྱི་འབྲེལ་ཡོད་སྲིད་དོན་ཚོགས་པས། ཁུང་ཙི་སློབ་གཉེར་ཁང་ལ་ངོས་འཛིན་མ་ནོར་བ་བྱས་ཏེ། རྒྱ་དཀར་ནག་བར་གྱི་ཚད་མཐོའི་སློབ་གསོ་མཉམ་འབྲེལ་ལ་དམིགས་ཡུལ་ལྡན་པ་དང་དྲང་བདེན་གྱི་ཕྱོགས་ནས་ལྟ་དགོས་པ་མ་གཏོགས། རྒྱ་དཀར་ནག་བར་གྱི་མཉམ་འབྲེལ་ལས་དོན་ཆབ་སྲིད་ལ་བསྒྱུར་ཏེ། རྒྱ་དཀར་ནག་གི་མི་དང་མིའི་འབྲེལ་ལམ་དང་རིག་གཞུང་བརྗེ་རེས་ལ་གཏོར་བརླག་གཏོང་རྒྱུ་མེད། ཅེས་བརྗོད་འདུག

ད་རེས་རྒྱ་གར་གཞུང་གི་ཐག་གཅོད་དེ་ནི་འདས་པའི་ལོ་མང་རིང་གི་རྒྱ་གར་གྱི་གཙུག་ལག་སློབ་གྲྭ་ཁག་དང་རྒྱ་ཡིག་སློབ་འཁྲིད་བྱེད་པའི་ཁུང་ཙེ་སློབ་གཉེར་ཁང་བར་གྱི་འབྲེལ་ལམ་ལ་ཞིབ་འཇུག་བྱེད་པར་དམིགས་པ་ཞིག་ཡིན་འདུག་པ་དང་། རྒྱ་གར་ཤེས་རིག་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་ཅིག་གིས། ཐེངས་འདིའི་ཐག་གཅོད་དེ་ནི་རྒྱ་གར་ཕྱི་སྲིད་ལྷན་ཁང་དང་མི་ཤུགས་གོང་འཕེལ་བློན་ཆེན་ལས་ཁུངས་གཉིས་ནས་ལོ་མང་རིང་གྲོས་བསྡུར་བྱས་ཏེ། རྒྱ་གར་གྱི་སློབ་ཕྲུག་ཚོར་རྒྱ་ཡིག་སློབ་འཁྲིད་བྱེད་བཞིན་པ་དེས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་ཐེབས་ཀྱི་ཡོད་པའི་ངོས་འཛིན་འོག་བྱུང་བ་ཞིག་ཡིན་པའི་འགྲེལ་བརྗོད་གནང་ཡོད་པ་རེད།

ཕྱི་ལོ་ ༢༠༡༩ ཟླ་ ༤ ནང་རྒྱ་གར་ཤེས་ཡོན་སྲིད་བྱུས་ཀྱི་ཟིན་བྲིས་གཏན་འབེབ་གནང་བའི་ནང་། འབྲིང་རིམ་སློབ་གྲྭའི་སློབ་མ་ཚོར་སོ་སོའི་འདོད་བློ་ལྟར། ཕྱིའི་སྐད་ཡིག་གདམ་གསེས་ཁྲོད། ཧྥ་རིན་སི་དང་། འཇར་མན།  སི་པན།  རྒྱ་ནག ཉི་ཧོང་བཅས་ཀྱི་སྐད་ཡིག་ཡོད་ཅེས་འཁོད་ཡོད་ཀྱང་། ཉེ་སྔོན་ཐག་གཅོད་བྱུང་བའི་མཐའ་མའི་སྲིད་བྱུས་ནང་གོང་གི་དེར་འགྱུར་བ་བཏང་སྟེ། རྒྱ་གར་སྐད་ཡིག་དང་དབྱིན་སྐད་ཡིག་གཙོས་པའི་སློབ་གསོའི་རྒྱུ་སྤུས་ལེགས་པོ་ཡོང་སླད། སློབ་འབྲིང་སྐབས་ཀྱི་ཕྱི་སྐད་གདམ་གའི་ནང་ཀོ་རི་ཡ་དང་ཉི་ཧོང་། ཐའེ་ལན་ཌི་དང་ཧྥ་རན་སི།  འཇར་མན་དང་སི་པན། པོར་ཆཱོ་གྷལ(Portugal)། ཨུ་རུ་སུ་བཅས་ཀྱི་སྐད་ཡིག་ཡོད། ཅེས་བཀོད་ཡོད་པ་རེད།

རྒྱ་གར་ཤེས་རིག་ལྷན་ཁང་གི་མི་ཤུགས་གོང་འཕེལ་དང་གཙུག་ལག་སློབ་གྲྭ་ཁག་གི་སློབ་ཚན་གཏན་འབེབ་ཚོགས་ཆུང་གིས། ང་ཚོས་ཕྱིའི་སློབ་གསོའི་ལྟེ་གནས་ཁང་དང་རྒྱ་གར་གྱི་ཚད་མཐོའི་ཤེས་ཡོན་ལྟེ་གནས་ཁང་ཁག་བར་གྱི་གྲོས་ཆོད་དང་སློབ་འཁྲིད་ཀྱི་བརྒྱུད་རིམ་སོགས་ལ་བསྐྱར་ཞིབ་མགོ་འཛུགས་བྱས་ཡོད། ཅེས་བརྗོད་ཡོད་པ་དང་། ད་སྔ་བར་རྒྱ་གར་ཤེས་རིག་ལྷང་ཁང་གིས། རྒྱ་གར་གྱི་གཙུག་ལག་སློབ་གྲྭ་ཆེན་མོ་ ༥ ལ་ཞིབ་འཇུག་བྱ་རྒྱུ་ཡིན་པའི་གསལ་བརྡ་བཏང་ཟིན་ཡོད་ཀྱང་། གཙུག་ལག་སློབ་གྲྭ་མང་ཆེ་བས་རྒྱ་ནག་གི་ཁུང་ཙེ་སློབ་གཉེར་ཁང་དང་འབྲེལ་བ་མེད་པའི་ལན་འདེབས་བྱས་ཡོད་འདུག

ཕྱི་ལོ་ ༢༠༠༦ ལོ་ནས་རྒྱ་དཀར་ནག་བར་རིག་གཞུངབརྗེ་རེས་ཀྱི་གན་རྒྱ་བཞག་སྟེ་རྒྱ་གར་གྱི་སློབ་གྲྭ་ཁག་གི་སློབ་ཚན་ནང་རྒྱ་ཡིག་སློབ་འཁྲིད་བྱེད་ཆོག་པ་བཟོས་པ་དང་།  ཕྱི་ལོ་ ༢༠༡༢ ལོར་ད་ལྟའི་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ (S. Jaishankar)མཆོག་རྒྱ་ནག་ནང་གི་རྒྱ་གར་གཞུང་ཚབ་ཡིན་སྐབས་རྒྱ་ནག་གི་ཁུང་ཙེ་སློབ་གཉེར་ཁང་དང་ལྷན་དུ་རྒྱུས་ལོན་ཆོད་ཡིག་བཞག་ཡོད་པ་དང་། ཕྱི་ལོ་ ༢༠༡༤ ལོར་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ཚན་པས་རྒྱ་གར་གྱི་སློབ་གྲྭ་ཁག་ཏུ་རྒྱ་ཡིག་སློབ་འཁྲིད་ངོ་སྤྲོད་བྱས་ཡོད་ཀྱང་། དགེ་རྒན་མ་འདང་བའི་དཀའ་ངལ་འཕྲད་ཡོད་པར་བརྟེན། ད་སྔ་བར་རྒྱ་ཡིག་རྒྱ་གར་གྱི་འབྲིང་རིམ་སློབ་གྲྭ་ཁག་ཏུ་དངོས་སུ་སློབ་འཁྲིད་བྱེད་མ་ཐུབ་ནའང་གཞུང་གི་ཕྱིའི་སྐད་ཡིག་སློབ་ཚན་གྱི་ཐོ་གཞུང་དུ་ཐོ་འགོད་བྱས་ནས་བཞག་ཡོད་འདུག འོན་ཀྱང་། འདི་ལོ་ནས་རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་ ༡༠ བ་དང་ ༡༢ སློབ་ཚན་གྱི་སྐད་ཡིག་གདམ་གསེས་ཀྱི་ཐོ་གཞུང་ནང་བོད་ཡིག་དང་ཧྥ་རན་སའི་སྐད་ཡིག་སོགས་ཁྱོན་འཛམ་གླིང་གི་སྐད་ཡིག་ ༡༡ ཡོད་པ་རེད།

ཡང་ཉམས་ཞིབ་པ་ཚོས་རྒྱ་གར་ནས་རྒྱ་ཡིག་སློབ་ཚན་མཚམས་འཇོག་བྱེད་ཐབས་ཀྱི་སྲིད་བྱུས་ནི་འདས་པའི་ལོ་ཤས་རིང་རྒྱ་དཀར་ནག་བར་ས་མཚམས་གཙོས་པའི་རྩོད་རྙོག་གང་མང་བྱུང་དང་འབྱུང་གི་ཡོད་པའི་རྒྱུ་རྐྱེན་ལ་བརྟེན་ནས་བྱུང་བ་ཡིན་སྐོར་བརྗོད་འདུག་ལ། ད་ལྟ་ཕྱིའི་སྐད་ཡིག་སློབ་ཚན་གྱི་ཐོ་གཞུང་དུ་མེད་པའི་སྐད་ཡིག་སློབ་ཚན་དེ་དག་སྒེར་གཉེར་སློབ་གྲྭ་ཁག་གི་འཛིན་རིམ་ ༦ ནས་ ༨ པའི་སློབ་ཚན་དུ་འཇོག་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད། ད་ལྟ་རྒྱ་གར་ནང་ཁུང་ཙི་སློབ་གཉེར་དང་འབྲེལ་བའི་མོམ་བྷེ་གཙུག་ལག་སློབ་གཉེར་ཁང་དང་། ཝེ་ལོ་རེ་འཕྲུལ་རིགས་(Vellore Institute of Technology) བསྟི་གནས་ཁང་གཉིས་ལས་མེད་པ་དང་། ནེ་རུ་གཙུག་ལག་སློབ་གྲྭ་ཆེན་མོས་ཕྱི་ལོ་ ༢༠༠༧ ལོར་ཁུང་ཙི་སློབ་གཉེར་ཁང་དང་གན་རྒྱ་བཞག་ཡོད་ཀྱང་། ད་ལྟ་འབྲེལ་ལམ་ཆད་ཡོད་སྐོར་བརྗོད་ཀྱི་འདུག

 

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༨/༠༦

Leave a Reply