སྤྱི་འཐུས་ལས་ཐོག་ཅིག་གི་སྤྱོད་ཐལ།

 དབང་འདུས།

ཉེ་ལམ་སྤྱི་ཟླ་བདུན་པའི་ཟླ་མགོར་སྤྱི་འཐུས་ཤར་ཕྱོགས་ཁུག་རྟ་ལགས་ཀྱིས་སྤྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་མིའི་སྐོར་ལ་རྩོམ་ཡིག་དང་སྒྲ་སྒམ་སྔ་རྗེས་བཟོས་ཏེ་བཀྲམས་པ་དེ་སྤྱི་ཚོགས་བརྒྱུད་ལམ་ཁག་ནང་ལབ་གླེང་མང་པོ་ཆགས། སྐད་འཕྲིན་ཚོགས་པ་ཁག་ནང་རྩོད་གླེང་ཆེན་པོ་བྱུང་ཞིང་ཆོལ་ཁ་ཆོལ་ཁའི་བར་དང་ཆོལ་ཁ་ནང་ཁུལ་བར། ལུང་པ་ཕན་ཚུན་བར་དང་གྲོགས་པོ་ནང་ཚགས་བར་སོགས་ལ་ཁ་རྩོད་དྲག་པོ་ཤོར་ཏེ་འགལ་བ་ཆེན་པོ་བྱུང་དང་འབྱུང་བཞིན་འདུག དེར་ཐུགས་ཁག་ཀྱང་ཡོད་པ་མ་རེད་སྙམ། གང་ཡིན་ཟེར་ན་ལོ་ངོ་འདི་དག་ནང་ཚོར་བ་ཧ་ཅང་རྣོ་བའི་དོན་གནས་ཤིག་ཆགས་ཡོད་པ་མ་ཟད། དྲང་བདེན་ལ་དགའ་བའི་མི་མང་ཧ་ཅང་མང་པོ་ཞིག་གིས་ཚོགས་ཟུར་སྤེན་པ་ཚེ་རིང་མ་འོངས་སྲིད་སྐྱོང་ཆགས་པར་རེ་བ་ཆེན་པོ་བཅངས་ཡོད།

ཤར་ཕྱོགས་ཁུག་རྟ་སྒེར་ངོས་ནས་སྲིད་སྐྱོང་འོས་མི་སུ་ལ་རྒྱབ་སྐྱོར་བྱེད་མིན་རང་དབང་རེད་ལ་སོ་སོའི་འོས་ཤོག་གཅིག་པོ་དེ་སུ་ལ་སྤྲོད་མིན་ཡང་ཁོ་རང་གི་དམངས་གཙོའི་ཁེ་དབང་རེད། འོན་ཀྱང་དུས་མ་ཡིན་པར་འོས་བསྡུའི་ལས་རིམ་འགོ་འཛུགས་བྱས་མེད་པ་དང་། ཡུལ་མ་ཡིན་པར་རང་ཉིད་སྤྱི་འཐུས་ལས་ཐོག་ཅིག་ཡིན་སྐབས་འདིར་མངོན་གསལ་དོད་པོས་སྲིད་སྐྱོང་འོས་མི་བྱེ་བྲག་པ་གཅིག་ལ་རྒྱབ་སྐྱོར་ཡོད་མདོག་བསྟན་པ་དེས་སྲིད་སྐྱོང་འོས་མི་གཞན་དག་ཚང་མར་དོ་ཕོག་བཏང་ཡོད་པ་མ་ཟད། ཁོ་རང་གི་རྒྱབ་སྐྱོར་བྱེད་ཡུལ་འབྲོང་ཆུང་དངོས་གྲུབ་ལའང་ཕན་ལས་གནོད་འཚབ་ཆེན་པོ་བཟོས་ཏེ་གླེང་ཕྱོགས་སྣ་ཚོགས་འབྱུང་བཞིན་ཡོད། ལྷག་པར་དུ་མ་འོངས་པར་སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་གི་འོས་གྲངས་ཐོག་ཤུགས་རྐྱེན་ཐེབས་ངེས་ཡིན་ལ་ཁོང་གི་འདས་པའི་ཕྱག་རྗེས་སྤྱི་དང་། མ་འོངས་མདུན་ལམ་ད་ལྟའི་ཁ་རྗེ་དབང་ཐང་སོགས་ལའང་གནོད་སྐྱོན་ཆེན་པོ་ཐེབས་སྲིད།

ཤར་ཕྱོགས་ཁུག་རྟའི་བྱ་སྤྱོད་འདི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འོས་བསྡུ་ལྷན་ཁང་གི་སྒྲིག་གཞི་གཉིས་ཀར་འགལ་ཡོད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་ ༨ པའི་དོན་ཚན་ ༩༧ པའི་ནང་གསེས་ ༢ པའི་ཀ་པ་དང་། འོས་བསྡུའི་སྒྲིག་གཞི་ལེའུ་ ༣ པའི་དོན་ཚན་ ༥༣ པའི་ནང་ “སྤྱི་འཐུས་དང་སྲིད་སྐྱོང་གི་འོས་བསྡུ་ནམ་དགོས་སྐབས་འོས་བསྡུའི་འགན་འཛིན་ལས་འཕར་གཉིས་ཀྱིས་ལས་འཁུར་དམ་འབུལ་ཞུས་པ་ནས་འོས་བསྡུའི་ལས་དོན་འགོ་འཛུགས་བྱེད་པ་དང་” ཞེས་དང་། ཡང་འོས་བསྡུའི་སྒྲིག་གཞིའི་དོན་ཚན་ ༢༤ པའི་ནང་གསེས་ ༩ པའི་ནང་ “སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུ་ནམ་ཡིན་ལ་དབུས་འོས་བསྡུ་ལས་ཁང་ནས་འོས་བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་བྱེད་ཕྱོགས་ཀྱི་ལམ་སྟོན་བྱས་པ་བཞིན་ལག་བསྟར་བྱེད་དགོས།” ཞེས་འཁོད་ཡོད། དབུས་འོས་བསྡུ་ལྷན་ཁང་གིས་འོས་བསྡུའི་ལས་རིམ་གསལ་བསྒྲགས་མ་གནང་སྔོན་ལ་ཚོགས་སྒེར་སུས་ཀྱང་འོས་གཞི་འདོན་པ་དང་འོས་མིར་བཞེངས་པ་ཁྱབ་བསྒྲགས་སོགས་གང་ཡང་སྤེལ་མི་ཆོག དོན་གནས་འདིའི་ཐོག་ཉེ་ལམ་ ༢༠༢༠།༣།༡༡ ཉིན་དབུས་བོད་མིའི་སྒྲིག་འཛུགས་འོས་བསྡུ་ལྷན་ཁང་གིས་གསལ་བསྒྲགས་ཤིག་ཀྱང་སྤེལ་དགོས་ཐུག་ཡོད་པའི་ནང་། “གལ་སྲིད་ད་དུང་གནས་ཚུལ་འདི་རིགས་འཐོན་ཚེ་ཁྲིམས་སྒྲིག་དགོངས་དོན་ལག་བསྟར་ཡན་པོར་མ་སོང་བ་བྱ་ངེས་ཡིན་” ཞེས་འཁོད་འདུག

ཤར་ཕྱོགས་ཁུག་རྟ་བོད་མི་མང་སྤྱི་འཐུས་ཤིག་ཡིན་པ་དང་ནམ་རྒྱུན་ཁྲིམས་དང་སྒྲིག་གཞི་རྩོད་གླེང་བྱེད་མཁན་ཞིག་ཡིན་བཞིན་དུ་ཁྲིམས་འགལ་སྒྲིག་འགལ་འདི་ལྟར་བྱས་ན་ཤེས་བཞིན་ཁྲིམས་ལ་ཁྱད་གསོད་བྱས་པ་ཞིག་ཆགས་ཡོད་པ་མ་ཟད། བོད་པའི་སྤྱི་ཚོགས་ནང་འཁྲུག་རྐྱེན་ཐེབས་གཞི་དང་ཆོལ་ཁ་ནང་ཁུལ་དུམ་བུར་འགྲོ་གཞིའི་བཤད་སྤྱོད་འདི་འདྲ་བྱས་ན་བོད་མི་མང་གི་འགོ་ཁྲིད་ཅིག་གི་ཀུན་སྤྱོད་ལས་ཡོངས་སུ་ལྡོག་སྟེ་བོད་མི་མང་གི་ཁ་གཏད་དགྲ་བོ་གང་ན་ཅི་ཡོད་དག་གི་ཞེ་འདོད་དང་གཅིག་པ་གཅིག་རྐྱང་ཆགས་ཡོད་པ་རེད།

དམངས་གཙོའི་སྤྱི་ཚོགས་ནང་མི་མང་ཚོར་བ་སྐྱེན་པའི་ལས་དོན་སྤྱི་དང་བྱེ་བྲག་འོས་བསྡུའི་ལས་དོན་རིགས་ལ་མི་ཚང་མས་ཡིད་གཟབ་བྱེད་པ་དང་། དམིགས་བསལ་གྱིས་གོ་མིང་མཚན་གནས་ཡོད་མཁན་ཚོས་རང་གི་མངོན་འདོད་ལས་སླ་པོར་ཁྲོམ་བསྒྲགས་མི་གནང་། དེ་ནི་སོ་སོར་དགའ་ཕྱོགས་མེད་པ་མིན་ལ་དེ་ཕྱི་ལ་བསྒྲགས་པའི་དབང་ཚད་མེད་པའང་མིན་མོད། མི་མང་གི་མངོན་འདོད་ལ་དོ་ཕོག་མི་འགྲོ་ཆེད་དང་སྤྱི་ཚོགས་ལྷིང་འཇགས་ལ་བརྡབ་གསིག་མི་ཐེབས་ཆེད་ཡིན། བཙན་བྱོལ་སྤྱི་ཚོགས་ནང་གི་གནད་ཡོད་མི་སྣ་རྣམ་པ་དང་ཆོལ་གསུམ་ཆོས་བརྒྱུད་ཁག་གི་སྤྱི་འཐུས་ ༤༣ ལའང་རང་རང་གི་སྲིད་སྐྱོང་འོས་དམིགས་མེད་པ་མིན་ཡང་། ད་ལྟའི་འཁྲུག་ཆ་ཆེ་བའི་དུས་སྐབས་ནང་ཁྱབ་བསྒྲགས་བྱེད་པའི་འོས་བབ་མེད་པ་དང་། ཡང་སྒོས་འོས་བསྡུའི་ལས་རིམ་དབུ་འཛུགས་མ་གནང་གོང་ཁྲིམས་འགལ་བྱ་མི་རུང་བའི་བཟང་སྤྱོད་ཀྱི་ཐུགས་འགན་འཁྱེར་ཡོད།

སྤྱིར་འབྲོང་ཆུང་དངོས་གྲུབ་སྲིད་སྐྱོང་འོས་མིར་ཡག་པོ་ཡོད་སྲིད་ལ་སྤེན་པ་ཚེ་རིང་ཡང་འོས་པ་ལས་ཀྱང་རྩེ་ཕུད་ཅིག་ཡིན་པ་ཁོང་གིས་འདས་པའི་ལོ་ངོ་ཉི་ཤུ་ལྷག་རིང་ཕྱག་ལས་གནང་བའི་གོ་རིམ་ཁྲོད་གསལ་བོ་ཆགས་ཡོད་ལ། ལྷག་པར་དུ་སྔར་ལོའི་ཁ་མཆུའི་བརྒྱུད་རིམ་ཁྲོད་སྤྱི་བོ་གནམ་བསྟན་ཡོངས་ལ་ངེས་ཤེས་ཟབ་མོ་རྙེད་ཡོད། འོན་ཀྱང་ད་ལྟ་འབྲོང་ཆུང་སྤེན་པ་གཉིས་ལ་དམིགས་ཡུལ་དང་འཆར་གཞི་གང་ཡོད་ཤེས་རྟོགས་མེད་པ་མ་ཟད། ཐ་ན་སྲིད་སྐྱོང་འོས་མིར་བཞེངས་འཆར་ཡོད་མེད་ཀྱང་གསལ་པོ་ཆགས་མེད་པའི་རྐང་མཚམས་འདིར་བྱ་ཕོ་མ་གྲགས་གོང་ལ་ཁྱི་མོས་ངུ་ཟུག་བརྒྱབ་པ་འདི་སྔོན་ཆད་གྲོས་ཚོགས་ནང་སྔོན་ཐོན་པ་དང་ཧུར་བརྩོན་པ་མིང་འདོག་བྱས་པའི་རང་མདོག་ངོ་མ་ཕྱི་ལ་བསྟན་ཡོད།

ཤར་ཕྱོགས་ཁུག་རྟའི་རྩིས་གཞི་གང་རེད་ཟེར་ན། འབྲོང་ཆུང་དངོས་གྲུབ་སྲིད་སྐྱོང་ཐོབ་ན་ཁོ་བོར་ཐོབ་དང་མཁས་གྲགས་གྱ་ནོམ་པ་རག་རྒྱུ་ཡིན་པ་ལྟ་ཅི་སྨོས། མ་ཐོབ་ཀྱང་ཁུག་རྟ་སྒེར་ལ་མ་འོངས་པར་མདོ་སྨད་ཀྱི་ཁེ་བཟང་ལས་ལྡབ་འགྱུར་གྱིས་དབུས་གཙང་གི་ཁེ་བཟང་ཆེ་བ་ཐོབ་ངེས་ཡིན་པར་རེ་བ་རྒྱབ་ཡོད། ཁོ་རང་གིས་ཇི་ལྟར་འཁྲབ་ཀྱང་མདོ་སྨད་སྤྱི་འཐུས་ཀྱི་འོས་ཤོག་དེ་ཐོབ་ཤག་ཡིན་པ་དང་། དེ་ལས་གཞན་པའི་དཔལ་འབྱོར་དང་ཁེ་ཕན་གཞན་དང་གཞན་གྱི་ཐད་ནས་མདོ་སྨད་མི་འབོར་ཉུང་བ་སོགས་ལ་བརྟེན་ཏེ་རྒྱས་སྤྲོས་རྒྱུན་གནས་ཀྱི་འབབ་སྟེགས་གཞན་ཞིག་འཚོལ་འདོད་པ་དེ་རེད། འོན་ཀྱང་ཆབ་སྲིད་པའི་སྤྱི་དོན་ཁ་འཁྱེར་དང་སྒེར་དོན་ཁོག་བཅུག་གི་བྱ་སྤྱོད་འདི་རིགས་ཀྱིས་ཆེ་ས་ནས་བོད་འཕུང་ལ་སྦྱོར་བཞིན་ཡོད་ལ་ཆུང་ས་ནས་རང་ཁོངས་མི་མང་གི་རེ་བ་ཆུ་ལ་གཡུག་གི་ཡོད།

ཐེངས་འདིའི་ཤར་ཁུག་སོགས་ཀྱི་བྱེད་བབ་འདིས་མདོ་སྨད་མི་མང་གི་འོས་ཤོག་ལ་འགྱུར་བ་གཏོང་ཐུབ་ཀྱི་མེད་པ་གསལ་བོ་ཆགས་ཡོད་ཀྱང་། སྤེན་པ་ཚེ་རིང་གི་དབུས་གཙང་འོས་ཤོག་མང་པོ་ཞིག་ཁ་ཕྱོགས་འགྱུར་རྒྱུ་ཡིན་པ་གཏན་ཁེལ་ཚར་བ་རེད་ལ། འབྲོང་ཆུང་དངོས་གྲུབ་ཀྱི་མདོ་སྟོད་འོས་ཤོག་མང་པོ་ཞིག་ཀྱང་ཕྱིར་འཐེན་བྱ་རྒྱུ་ཡིན་པ་ཟུར་བལྟས་ལེབ་མཐོང་རེད། གཡོ་འགུལ་འདིའི་བར་ནས་སྤེན་པ་ཚེ་རིང་སྲིད་སྐྱོང་འོས་འགྲན་ཁྲོད་ཕམ་ཉེས་ཕྱིན་ཏེ་རྒྱ་སྒྲོལ་དང་སྐལ་རྡོར་གང་རུང་ལ་ཁེ་བཟང་གི་གོ་སྐབས་དང་མཐུན་རྐྱེན་གསེར་ལས་ལྷག་པ་ཞིག་ཆགས་ཡོད།

མདོ་དོན། ཐེངས་འདིའི་ཤར་ཕྱོགས་ཁུག་རྟའི་ཐལ་ཆ་ཆེ་བའི་བྱ་སྤྱོད་དེ་བོད་པའི་སྤྱི་ཚོགས་ཀྱི་མཐུན་ལམ་ལྡོག་རྩ་ཆིག་སྒྲིལ་ལ་གནོད་པ། སྲིད་སྐྱོང་འོས་མི་ཀུན་དང་བྱེ་བྲག་སྤེན་པ་ཚེ་རིང་ལ་གནོད་པ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འོས་བསྡུ་ལྷན་ཁང་གི་སྒྲིག་གཞིར་འགལ་བ། མི་མང་གི་མགོ་ཁྲིད་དང་ཤེས་ཡོན་པའི་ཀུན་སྤྱོད་དང་འགལ་བ་ཞིག་ཆགས་ཡོད་སྟབས། གླེང་རྙོག་འདི་དང་འབྲེལ་ཏེ་གནས་ཚུལ་ཆེ་ཆུང་གང་ཞིག་བྱུང་ཡང་དེའི་འགན་ཡོངས་རྫོགས་ཤར་ཕྱོགས་ཁུག་རྟས་འཁུར་དགོས་སོ།། །།

མཆན། གོང་གསལ་བསམ་ཚུལ་རྩོམ་ཡིག་དེ་ནི་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་ལྟ་བ་ལངས་ཕྱོགས་ཡིན་པས་མ་ཁྱབ། 

བསྐྱར་བཅོས།: ༢༠༢༠/༠༨/༠༦

Leave a Reply

12 thoughts on “སྤྱི་འཐུས་ལས་ཐོག་ཅིག་གི་སྤྱོད་ཐལ།

  1. སྤེན་ཚེ། ༢༠༡༡ ལ་ལངས་པ་རེད། ༢༠༡༦ ལངས་པ་རེད། ༢༠༢༡ ལ་ལངས་འདོད་ཡོད་རེད། ཡུལ་དུས་གནས་བབ་ལ་གཟིགས་ནས་ལངས་ཀྱི་ཡོད་པ་རེད་དམ། སོ་སོར་ངེས་པར་སྲིད་སྐྱོང་ཐོབ་ན་བསམས་ནས་ལངས་ཀྱི་ཡོད་རེད། དེ་ཤེས་དགོས་པ་རེད། སོ་སོར་སྲིད་སྐྱོང་བྱེད་རྒྱུར་དགའ་པོ་ཡོད་པ་ཙམ་ལ་གཞི་བྱས་ན། དེ་ཏག་ཏག་བསྡད་མ་སོང་། རང་དོན་ཁོག་བཅུག་ཀྱང་ཆགས་ཀི་རེད། དེ་བས་ང་དོགས་པ་ཚ་རུ་འགྲོ་གི་འདུག

    ༢༠༡༡ ལ་ག་རེ་གསུངས་པ་རེད། ༢༠༡༦ ག་རེ་གསུངས་པ་རེད། ༢༠༢༡ ལ་ག་རེ་གསུངས་ནས་ལངས་རྩིས་ཡོད་རེད། དེར་ཞིབ་ཏུ་བལྟ་དགོས་པ་རེད།

  2. བསོད་ནམས་རྒྱལ་མཚན།

    མཐུ་སྟོབས་གཡུ་ཐོག་ལགས། ཁྱེད་རང་མཐུ་སྟོབས་དངོས་ནས་རེད་འདུག་ག ང་མངོན་ཤེས་མ་རེད། Corona 🦠 Lockdown བྱས་པ་རེད། མཛུབ་མོ་སྡད་ཚུག་མེད་པ་ཤོར་སོང་། དུད་བབ་ཚང་གི་དུས་ཚོད་འཁྱོལ་ཡ་ས་མིག་སྟོང་པ་བཞག་འདུག་ག ཡིག་ལན་སྤྲད་པ་ ཐུགས་རྗེ་ཆེ།

  3. ད་ཡིན་ན་ལྟད་མོ་འདུག

    སྤེན་ཚེ་ཤར་ཁུག་གཉིས་ཀ
    གྲོགས་པོ་གྲོགས་མཆོག་ཡིན་ཟེར།
    རྒྱབ་སྐྱོར་ཡོད་དང་མེད་པ།
    བརྩད་ནས་བྱབ་ཆུང་མ་བྱེད།

    ཧཧཧཧ

  4. བསོད་ནམས་རྒྱལ་མཚན།

    2011 བློ་སེང་་་ འོས་བསྡུ་ སྔོན་འགྲོ་གསུང་བཤད་་་ ༡༽ གསར་གཏོད། ༢༽ རང་ཁ་རང་གསོ། ༣༽ ༧གོང་ས་མཆོག་བོད་ལ་གདན་ཞུ།། སྲིད་སྐྱོང་དང་པོ་ལོ་ལྔ་ཚར། ད་ཆ་ སྲིད་ཐེངས་གཉིས་པ་ཡང་ཚར་རན། ༡༽ གསར་གཏོད།-> 5+50 ༢༽ རང་ཁ་རང་གསོ།-> རང་གི་ཁ་དང་ནང་མི་ཁ། 😋 ༣༽ ༧གོང་ས་མཆོག་བོད་ལ་གདན་ཞུ།-> སྟོང་པའོ། ཨོཾ་ཨཿཧཱུཾ། 👌 👍 😂 😂 😂 😅 Hello ! ཚེ་བརྟན་འགྱུར་མེད་ལགས་་་ Wao👌 You Very Good 👍 ཁྱེད་མི་གཅིག་བོད་རྒྱལ་ཁབ་ལ་ལག་ནི་མི་བདག མིའི་ལུང་པ་ག་ཚད་བཞུགས་ཐུབ་ཐུབ་བཞུགས་རོགས། ཡང་ རྦད་དེ་བཞུགས་ཐུབ་ན་ཡང་བཞུགས་རོགས། 👍 😂 😂 😂 😅