མུ་རུའི་རྩྭ་ཐང་ན་ཉིན་མཚན་བརྗེས་ནས་གཏེར་ཁ་སྔོག་གི་འདུག  

གཞུང་འབྲེལ་ཆོག་མཆན་ཡིག་ཆ་རྫུན་མ་ཞིག་བེད་སྤྱད་དེ་ཞིན་ཆིན་ཟེར་བའི་གཏེར་ལས་ཚོང་གཉེར་ཁང་ཞིག་གིས་མུ་མཐུད་བོད་མུ་རུའི་རྩྭ་ཐང་གི་རྡོ་སོལ་འབོར་ཆེན་སྔོག་འདོན་བྱེད་ཀྱི་འདུགཁ་སང་ཕྱི་ཚེས་ ༦ ཉིན། རྒྱ་ནག་དཔལ་འབྱོར་དཔྱད་གཞི་ཚགས་པར་ཞེས་པས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་ཞིན་ཆིན་(兴青)ཟེར་བའི་གཏེར་ལས་ཚོང་གཉེར་ཁང་ཞིག་གིས། མུ་མཐུད་གསང་སྟབས་ཀྱི་ཐོག་ནས་མཚོ་སྔོན་ཞིང་ཆེན་བོང་སྟག་མུ་རུའི་རྩྭ་ཐང་ནས་རྡོ་སོལ་འབོར་ཆེན་ཁྲིམས་འགལ་ངང་སྔོག་འདོན་བྱེད་བཞིན་ཡོད་པ་དང་། ད་ལྟའི་བར་ཞིན་ཆིན་ཟེར་བ་དེས་རྡོ་སོལ་ཏུན་ཁྲི་ ༢༥༠༠ ལྷག་སྔོག་འདོན་བྱས་ཏེ་ཁེ་སྤོགས་རྒྱ་སྒོར་དུང་ཕྱུར་ ༡༠༠ ལས་བརྒལ་བ་བླངས་ཡོད་འདུག

ཕྱི་ལོ་ ༢༠༡༩ ལོའི་ཕྱི་ཟླ་ ༡ ནང་མུ་རུའི་རྩྭ་ཐང་ནས་གཏེར་ཁ་སྔོག་འདོན་བྱེད་མཁན་ཚོས་གཞུང་འབྲེལ་ཆོག་མཆན་ཡིག་ཆ་རྫུན་མ་ཞིག་བེད་སྤྱོད་བཏང་སྟེ། ལོ་ངོ་བཅུ་ཕྲག་འགར་རྡོ་སོལ་སྔོག་འདོན་བྱས་པའི་ནག་ཉེས་འོག་གཏེར་ལས་ཚོང་གཉེར་ཁང་དང་། གཏེར་ཁུངས་སུ་རྡོ་སོལ་སྔོག་འདོན་ཆོག་པའི་གཞུང་འབྲེལ་ཡིག་ཆ་རྫུན་མ་བཟོ་མཁན་མཚོ་སྔོན་ཚོང་དོན་ཐིན་གྱི་འགན་འཛིན་ཝང་ཞི་ཧེ་ (王熙惠)ཟེར་བ་བཅས་འཛིན་བཟུང་བྱས་ཏེ་ཐག་གཅོད་བྱས་ཡོད་པའི་གནས་ཚུལ་བསྒྲགས་ཡོད་ཀྱང་། ད་ལྟའང་ཐག་གཅོད་ག་རེ་བྱུང་ཡོད་མེད་ཀྱི་གནས་ཚུལ་གང་ཡང་གསལ་ཁ་མི་འདུག

ཐེངས་འདིའི་ཁྲིམས་འགལ་གཏེར་ལས་སྔོག་འདོན་དང་འབྲེལ་ཏེ་རྒྱ་ནག་ཚན་རིག་ཁང་གི་མགོ་གཙོ་དང་ས་གཤིས་དང་སའི་གོ་ལའི་དངོས་ལུགས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཀྲང་ཧུང་ཧྥུ་ཟེར་བ་ཞིག་གིས། མུ་རུའི་རྩྭ་ཐང་གི་གཏེར་ཁ་གཞི་ཁྱོན་ཆེན་པོ་གང་འདོད་དུ་སྔོག་འདོན་བྱས་ན་ལོ་ངོ་སྟོང་ཕྲག་མང་པོར་ཆགས་པའི་འཁྱགས་སའི་བང་རིམ་ལ་ཤུགས་རྐྱེན་ཐེབས་ནས་ས་གཤིས་ཇེ་ཞན་དང་། ཐ་ན་གཏེར་རིགས་དཀོན་པོ་དེ་དག་རྩ་སྟོང་དུ་འགྱུར་བའི་གནས་སུ་ལྷུང་ངེས་ཡིན་པས། ཞིན་ཆིན་གཏེར་ལས་ཚོང་གཉེར་ཁང་གིས་ཚན་རིག་དང་མ་བསྟུན་པར་རྡོ་སོལ་སྔོག་འདོན་བྱས་ཡོད་པས་རང་བྱུང་སྐྱེ་ཁམས་མ་ལག་ལ་གཏོར་བརླག་ཐེབས་པ་མ་ཟད། བསྐྱར་སྐྱེ་མི་ཐུབ་པའི་ཐོན་ཁུངས་ལའང་གཏོར་བརླག་ཐེབས་ཡོད་པས། འབྲེལ་ཡོད་སྡེ་ཁག་གིས་ངེས་པར་དུ་རྩད་གཅོད་མཐར་ཕྱིན་བྱེད་དགོས། ཞེས་བརྗོད་འདུག

ཡང་རྒྱ་ནག་དཔལ་འབྱོར་དཔྱད་གཞི་ཚགས་པར་གྱི་གནས་ཚུལ་ནང་། མཚོ་སྔོན་ཞིང་ཆེན་འབྲེལ་ཡོད་སྡེ་ཁག་གིས་ཕྱི་ལོ་ ༢༠༡༤ ལོ་ནས་མུ་རུའི་གཏེར་ཁ་ནས་རྡོ་སོལ་སྔོག་འདོན་བྱེད་མི་ཆོག་པའི་ཐག་གཅོད་བྱས་ཡོད་ཀྱང་།  ཞིན་ཆིན་གཏེར་ལས་ཚོང་གཉེར་ཁང་ཟེར་བ་དེས་ཡུལ་དེའི་སྐྱེ་ཁམས་སླར་གསོ་ལ་ཁ་གཡར་ཏེ།  ཉིན་མོར་གཏེར་ཁུངས་ཀྱི་སྙིགས་རོ་གཙང་བཟོ་བྱས་ཏེ། མཚན་མོར་གསང་བའི་ཐོག་ནས་རྡོ་སོལ་སྔོག་འདོན་བྱེད་བཞིན་ཡོད་པ་དང་། མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་ལས་ཁང་གིས་ཚོང་གཉེར་ཁང་དེར་གཏེར་ཁ་སྔོག་འདོན་གྱི་ཆོག་མཆན་མེད་པའི་ཁྲིམས་འགལ་ལ་ངོས་འཛིན་བྱས་ཡོད་སྐོར་བརྗོད་འདུགགཏེར་ཁུལ་གྱི་ལས་མི་ཞིག་གིས་འགྲེལ་བརྗོད་བྱས་པ་ལྟར་ན། གཏེར་ལས་ཁང་དེས་ཉིན་མཚན་བརྗེས་ནས་རྡོ་སོལ་སྔོག་འདོན་བྱེད་བཞིན་ཡོད་པ་དང་། ཞིང་ཆེན་དང་ས་གནས་མགོ་ཁྲིད་ས་གནས་དེར་ལྟ་སྐོར་ལ་ཡོང་སྐབས་སྔོན་ཚུད་ནས་བརྡ་རྒྱག་གི་ཡོད་པས། སྔ་མོ་ནས་གཏེར་ཁུལ་ལ་གཙང་བཟོ་དང་སྙིགས་རོ་སོགས་ཤུལ་མེད་བཟོས་ཏེ་དངོས་ལྗང་མདོག་ཅན་ཏུ་བསྒྱུར་བ་དང་། གཏེར་ཁ་སྔོག་འདོན་འཕྲུལ་ཆས་ཀྱིས་རྡོ་སོལ་གཏེར་ཁོངས་ངོ་མ་དེར་འགྲོ་བའི་ལམ་ཀ་བཀག་ནས་མཐོང་བཅུག་གི་མེད་པ་རེད། ཅེས་བརྗོད་འདུག

ཁྲིམས་གླེང་དྲ་བའི་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ལོ་ ༡༩༥༩ ནས་རྒྱ་ནག་གཞུང་གིས་བོང་སྟག་མུ་རུའི་རྩྭ་ཐང་དུ་རྡོ་སོལ་བརྐོ་མགོ་བརྩམས་ཤིང་། ཕྱི་ལོ་ ༡༩༨༠ ནང་ཙམ་ནས་བརྐོ་མཚམས་བཞག་ཡོད་འདུག ཕྱི་ལོ་ ༢༠༠༡ ཡས་མས་ནས་ཧོང་ཀོང་གི་ཧྭ་ལིས་ཞེས་པའི་གཏེར་རྐོ་ཁེ་ལས་ཁང་ཞིག་གིས་མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་ནས་མུ་རུའི་གཏེར་ཁ་བརྐོ་ཆོག་པའི་ཐོབ་ཐང་ཡི་གེ་ཟེར་བ་ཞིག་བླངས་ཏེ། ཡི་གེ་དེ་ཞིན་ཆིན་དང་ཅིན་ཐུའུ་ཏི་ཞེས་པའི་རྡོ་སོལ་ཁེ་ལས་ཁང་གཞན་གཉིས་ལ་བཙོངས་ཡོད་འདུག ཕྱི་ལོ་ ༢༠༠༥ ཡས་མས་སུ་ཁེ་ལས་ཁང་དེ་གཉིས་བར་གཏེར་ཁ་སྔོག་འདོན་གྱི་དབང་ཆའི་ཐད་ནས་རྙོག་དྲ་བྱུང་ཡོད་སྟབས། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་གྱིས་ཡིག་ཆ་ཨང་ ༢༩༦ ཅེས་པ་ཞིག་བཏོན་ཏེ། ཞིན་ཆིན་ཁེ་ལས་ཁང་གཅིག་པུར་མུ་རུའི་གཏེར་ཁ་བརྐོ་ཆོག་པའི་ཆོག་མཆན་སྤྲད་དེ་ལོ་ངོ་ ༡༠ ཙམ་རིང་གཏེར་ཁ་བསྔོགས་ཡོད་འདུག

ཕྱི་ལོ་ ༢༠༡༦ ལོར་མཚོ་སྔོན་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་ཞིབ་བཤེར་བྱས་པ་བརྒྱུད་མཚོ་སྔོན་ཚོང་དོན་ཐིན་གྱི་ཡིག་ཆ་ཨང་ ༢༩༦ ཅེས་པ་དེ་ཡིག་ཆ་རྫུན་མ་ཞིག་ཡིན་པ་ཐེར་འདོན་བྱས་ཏེ་ཚོང་དོན་ཐིན་གྱིས་ཡིག་ཆ་དེ་ཕྱིར་འཐེན་བྱས་ཡོད་ཀྱང་། གནས་ཚུལ་གྱི་བྱུང་རིམ་གསལ་པོར་འགྲེལ་བཤད་བྱས་མེད་པ་མ་ཟད། རྡོ་སོལ་གྱི་གཏེར་ཁ་མུ་མཐུད་དུ་བརྐོས་ཡོད་འདུག

འབྲེལ་ཡོད་གསར་འགྱུར། གཞུང་འབྲེལ་ཡིག་ཆ་རྫུན་མ་སྤྲད་དེ་བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་བཟོ་རུ་བཅུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༨/༠༧

Leave a Reply