མི་ལོ་ ༦༠ རིང་བོད་ཐོག་བྱུང་བའི་གནས་སྟངས་ད་ལྟ་འཛམ་གླིང་ཁྱོན་ཡོངས་སུ་འབྱུང་བཞིན་ཡོད།

སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་གྲོས་ཚོགས་འོག་མའི་རྒྱ་ནག་དང་ཁེ་ན་ཌའི་དམིགས་བསལ་འབྲེལ་ལམ་ཚོགས་ཆུང་གི་ཚོགས་འདུའི་ཐོག་ཁེ་ན་ཌ་གཞུང་ནས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཡོང་རྒྱུ་གལ་ཆེན་ཡིན་སྐོར་གསུངས་འདུག 

ཁ་སང་ཕྱི་ཚེས་ ༦ ཉིན་ཁེ་ན་ཌའི་གྲོས་ཚོགས་འོག་མའི་རྒྱ་ནག་དང་ཁེ་ན་ཌའི་དམིགས་བསལ་འབྲེལ་ལམ་ཚོགས་ཆུང་ (Special Committee on Canada-China Relations) གིས་དྲ་ཐོག་བརྒྱུད་ཉན་ཞིབ་ཚོགས་འདུ་ཞིག་འཚོག་པའི་ཐོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གདན་ཞུ་གནང་སྟེ་གསུང་བཤད་གནང་ཡོད་པ་དང་། ཚོགས་འདིའི་སྟེང་ཁེ་ན་ཌའི་གྲོས་ཚོགས་འོག་མའི་ཁེ་ན་ཌ་དང་རྒྱ་ནག་གི་འབྲེལ་ལམ་ཐོག་དམིགས་བསལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་གུ་ཡངས་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་རེ་གྷན་ (Geoff Regan) མཆོག  རྙིང་ཞེན་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་ཌན་ཨ་ལི་བྷ་སི་ (Dan Albas) མཆོག གྲོས་ཚོགས་འཐུས་མི་སི་ཊེ་ཧྥན་ (Stéphane Bergeron) མཆོག  གྲོས་ཚོགས་འཐུས་མི་བྷི་ལོག་ (Bloc Québécois) མཆོག ཁེ་ན་ཌའི་གྲོས་ཚོགས་འོག་མའི་ཁེ་ན་ཌ་དང་རྒྱ་ནག་གི་འབྲེལ་ལམ་ཐོག་དམིགས་བསལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་གཞོན་པ་དང་མང་གཙོ་ཆབ་སྲིད་ཚོགས་པ་གསར་པའི་གྲོས་ཚོགས་འཐུས་མི་ཧར་རི་སི་ (Jack Harris) མཆོག དེ་བཞིན་ཁེ་ན་ཌའི་གྲོས་ཚོགས་འོག་མའི་ཁེ་ན་ཌ་དང་རྒྱ་ནག་གི་འབྲེལ་ལམ་ཐོག་དམིགས་བསལ་ལས་དོན་ཚོགས་ཆུང་གི་ཚོགས་མི་རྣམས་བཅས་ཀྱིས་མཉམ་ཞུགས་གནང་ཡོད།

ཉན་ཞིབ་ཀྱི་ཐོག་མའི་གཏམ་བཤད་སྐབས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས། རྒྱ་ནག་དམར་ཤོག་ཚོགས་པས་ནུབ་ཕྱོགས་པའི་གུ་ཡངས་དང་། དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་རིན་ཐང་ལ་སྣང་ཆུང་བྱེད་བཞིན་ཡོད་པར་བརྟེན། ང་ཚོས་རྒྱ་ནག་བསྒྱུར་བཅོས་བྱེད་མ་ཐུབ་ན། རྒྱ་ནག་གིས་ང་ཚོ་བསྒྱུར་བཅོས་བྱེད་སྲིད་པ་དང་། འདས་པའི་མི་ལོ་ ༦༠ ཙམ་ནས་བོད་ཐོག་བྱུང་བའི་གནས་སྟངས་ད་ལྟ་འཛམ་གླིང་ཁྱོན་ཡོངས་སུ་འབྱུང་བཞིན་ཡོད་པ་དང་། ཁེ་ན་ཌའི་བོད་ཀྱི་གནད་དོན་ལས་བསླབ་བྱ་མང་པོ་ཞིག་ལེན་རྒྱུ་ཡོད་སྟབས། ཁེ་ན་ཌ་གཞུང་དང་ལྷག་པར་དུ་ཚོགས་ཆུང་གིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཡོང་པ་དང་། རྒྱ་ནག་གི་སྐུ་ཚབ་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཚབ་གཉིས་དབར་གྲོས་མོལ་བྱེད་དགོས་པའི་ཁྲིམས་འཆར་འདོན་རྒྱུ་གལ་ཆེན་ཡིན་པ་རེད། ཚོགས་ཆུང་ངོས་ནས་གཉིས་ཕན་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་ངོས་ཀྱིས་རེ་བ་བྱེད་ཀྱི་ཡོད། ཅེས་གསུངས་སོང་།

སྲིད་སྐྱོང་མཆོག་ནས་རྒྱ་ནག་གཞུང་གིས་བོད་ནང་ཆོས་ལུགས་དད་མོས་ཐད་དམ་དྲགས་བྱེད་བཞིན་པའི་སྐོར་ལ། བོད་ནང་ཆོགས་ལུགས་དད་མོས་རང་དབང་གི་གནས་སྟངས་ཧ་ཅང་ཛ་དྲག་ཡིན་པ་དང་། འདི་ལོར་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུ་གྲངས་ ༣༠ ཕེབས་ཡོད་པ་དང་། བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་ ༢༥ འཁོར་ཡོད་པས། དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་ལས། བོད་ནང་གི་ཆོས་ལུགས་ཀྱི་དབུ་ཁྲིད་དང་ཆོས་ལུགས་དད་མོའི་རང་དབང་གི་གནས་སྟངས་ཛ་དྲག་ཡིན་པ་མཚོན་གྱི་ཡོད་པ་དང་། རྒྱ་ནག་གཞུང་གིས་བླ་མའི་ཡང་སྲིད་ཐད་ཐེ་བྱུས་བྱེད་མགོ་བརྩམས་ཏེ་ཆབ་སྲིད་ཀྱི་ལག་ཆར་སྤྱོད་བཞིན་ཡོད་པ་དང་། བོད་རིགས་ཡོངས་ནས་རྒྱ་ནག་གཞུང་གིས་ཐག་གཅོད་བྱས་པའི་ཡང་སྲིད་ལ་དད་མོས་བྱེད་དགོས་པ་བརྗོད་བཞིན་ཡོད་པ་སོགས་ནི། འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ལ་རྡོག་རོལ་གཏོང་གི་ཡོད་པ་ཞིག་ཡིན་པ་རེད། ཅེས་སོགས་གསུངས་སོང་།

ཉན་ཞིབ་ཀྱི་དྲི་བ་དྲིས་ལན་སྐབས་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་གྷར་ནི་ཊི་ཇི་ནུ་སི་ (Garnett Genuis) ལགས་ཀྱིས། བལ་ཡུལ་ནང་གི་བོད་མིའི་སྟངས་སྐོར་ལ་བཀའ་འདྲི་གནང་སྐབས་སྲིད་སྐྱོང་མཆོག་ནས། རྒྱ་ནག་གཞུང་གིས་གནོན་ཤུགས་འོག་བལ་ཡུལ་ནང་གི་བོད་མིའི་གནས་སྟངས་ཧ་ཅང་སྐྱོ་བོ་ཡིན་པ་དང་། ཕྱི་ལོ་ ༡༩༩༠ ལོ་ནས་བལ་ཡུལ་ནང་སྐྱེས་པའི་བོད་མི་ཞིག་ལ་སྐྱེས་ལོའི་ལག་འཁྱེར་རག་གི་མེད་པ་དང་ས་གནས་སུ་སྡོད་ཆོག་པའི་ལག་ཁྱེར་མེད་པ། དེ་བཞིན་འགྲོ་སྐྱོད་ཆོག་པའི་ཡིག་ཆ་གང་ཡང་མེད་པ་སོགས་ལ་བརྟེན། བོད་མི་མང་པོ་ཞིག་ཨུ་ཐུག་ཐབས་ཟད་ཀྱིས་ཁེ་ན་ཌ་དང་ཡུ་རོབ་ཀྱི་རྒྱལ་ཁབ་གཞན་ནང་འགྲོ་དགོས་འབྱུང་གི་ཡོད་པ་རེད། རྒྱ་ནག་གཞུང་གི་གནོན་ཤུགས་འོག་བལ་ཡུལ་ནང་གི་བོད་མི་ཚོའི་གནས་སྟངས་ནི་ད་ལྟའང་ཧ་ཅང་སྐྱོ་བོ་ཡིན་པས། རྒྱ་ནག་གཞུང་གི་གནོན་ཤུགས་ནི་བོད་ནང་ཁོ་ནར་མིན་པར་བཙན་བྱོལ་གྱི་བོད་མི་རྣམས་ལའང་གནོན་ཤུགས་ཆེན་པོ་སླེབས་ཀྱི་ཡོད་པ་གསལ་བོ་རེད། ཅེས་གསུངས་འདུག

དེ་རྗེས་གྲོས་ཚོགས་འཐུས་མི་སེ་ཊེ་ཧྥེ་ནི་བྷར་གྷེ་རོན་ (Stéphane Bergeron) ལགས་ཀྱིས་ཕྱི་ལོ་ ༡༩༥༢ ལོར་རྒྱ་ནག་གཞུང་གིས་བོད་དང་མཉམ་དུ་ཆིངས་ཡིག་དོན་ཚན་ ༡༧ བཞག་ཡོད་པ་དང་། ཉེ་ལམ་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཏན་འབེབ་བྱས་ཏེ་ལག་བསྟར་བྱེད་ཀྱི་ཡོད་སྟབས། དུས་ཡུན་དེའི་རིང་ཁྱེད་ལ་མཐོང་ཇི་བྱུང་སྐོར་བཀའ་འདྲི་ཞུས་པར་སྲིད་སྐྱོང་མཆོག་ནས། ཧོང་ཀོང་ལ་ཁས་ལེན་བྱས་པའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་ནི་བོད་ནང་ཕྱི་ལོ་ ༡༩༥༡ ལོར་ཆིངས་ཡིག་དོན་ཚན་བཅུ་བདུན་སྐབས་སྤྲད་ཡོད་པ་རེད། དཔེར་ན་དེའི་དོན་ཚན་བཞི་བའི་ནང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཆབ་སྲིད་ཀྱི་གནས་བབ་འགྱུར་བ་མེད་པ་དང་། བོད་ཀྱི་སྐད་ཡིག་བཀོལ་སྤྱོད་ཆོག་པ། དགོན་སྡེ་ཁག་སྔར་བཞིན་འཛིན་སྐྱོང་བྱེད་པ་དང་བོད་མི་ཚོའི་བློ་འདོད་ཡོད་པའི་ཐོག་ནས་བཅོས་བསྒྱུར་བྱེད་པ་སོགས་ཚུད་ཡོད་པ་རེད། རྒྱ་ནག་གཞུང་གིས་དོན་ཚན་དེ་དག་ང་ཚོར་བཙན་དབང་གིས་འཇོག་ཏུ་བཅུག་ཡོད་པ་རེད། ཅེས་གསུངས་སོང་།

ཡང་ཁོང་གིས་མུ་མཐུད་། རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༥༡ ནས་ཕྱི་ལོ་ ༡༩༥༩ ལོར་བར་དུ་ཆིངས་ཡིག་དོན་ཚན་བཅུ་བདུན་གྱི་དོན་ཚན་ཚང་མར་རྡོག་རོལ་བཏང་ཡོད་པར་བརྟེན། ༧གོང་ས་མཆོག་གི་གཙོས་བོད་མི་སྟོང་ཕྲག་བརྒྱད་ཅུ་ཙམ་བཙན་བྱོལ་དུ་འགྲོ་དགོས་བྱུང་ཡོད་པ་རེད། དེ་རྗེས་རྒྱ་ནག་གཞུང་གིས་ཆིག་སྒྲིལ་གྱི་ཁྲིམས་ཡང་ཡང་གཏན་འབེབ་བྱས་ཡོད་པ་དང་། གཅིག་མཚུངས་སུ་ཧོང་ཀོང་ནང་བདེ་འཇགས་ཀྱི་ཁྲིམས་གཏན་འབེབ་བྱས་ཡོད་པ་རེད། སྨྲ་བརྗོད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་། ངོ་རྒོལ་གྱི་རང་དབང་སོགས་ཆ་ཚང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལས་གལ་ཆེ་བ་ཆགས་པ་རེད། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་ཀྱི་གནས་བབས་ཉམས་དམས་སུ་འགྲོ་བཞིན་པ་དེ་ནི་ཧ་ལས་དགོས་པ་ཞིག་མིན་པར་བོད་ནང་དེ་སྔ་ནས་བྱུང་ཡོད་པ་རེད། ཧོང་ཀོང་ནི་བོད་གཉིས་པ་ལྟ་བུ་ཞིག་ཆགས་ཀྱི་ཡོད་པས་ང་ཚོར་བློ་འཚབ་ཡོད། བོད་ནང་ཅི་བྱུང་པ་དང་འབྱུང་རྒྱུ་ཡིན་པ་རྣམས་ཧོང་ཀོང་ནང་བྱུང་བ་དང་འབྱུང་རྒྱུ་ཡིན་པ་རེད། ཅེས་གསུངས་འདུག

མཇུག་ཏུ་གྲོས་ཚོགས་འཐུས་མི་སེ་ཊེ་ཧྥེ་ནི་བྷར་གྷེ་རོན་ (Stéphane Bergeron) ལགས་ཀྱིས་བོད་དང་འབྲེལ་ནས་རྒྱ་ནག་གཞུང་ལ་ནུས་པ་ལྡན་པའི་གནོན་ཤུགས་ཇི་ལྟར་སྤྲོད་ཐུབ་མིན་བཀའ་འདྲི་ཞུས་པར་སྲིད་སྐྱོང་མཆོག་ནས། རྒྱ་ནག་གཞུང་ལ་མི་འདོད་པའི་རྣམ་པ་ཆེ་ཆུང་ཅི་འདྲ་ཞིག་བསྟན་ནའང་དེ་ནུས་པ་ཆེན་པོ་ཡོད་པ་རེད། གྲོས་ཆོད་མང་པོ་འཇོག་པ་དང་ཉན་ཞིབ་མང་ཙམ་བྱེད་པ། གསར་འགྱུར་བརྒྱུད་ལམ་ཁག་ཏུ་བསམ་ཚུལ་ཅི་ཙམ་མང་པོ་སྤེལ་ཐུབ་ཚེ་ཕན་ཐོགས་ཆེན་པོ་འབྱུང་ངེས་སྐོར་དང་། དམངས་གཙོ་དར་ཁྱབ་དུ་འགྲོ་བ་ནི་གཡོལ་ཐབས་མེད་པ་ཞིག་ཡིན་པ་དང་། རྒྱ་ནག་དམངས་གཙོ་འགྱུར་པ་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་མི་གཏོང་བའི་ཁག་ཐེག་བྱེད་པ་སོགས་རིམ་གྱིས་ཡོང་གི་ཡོད་པས། དེ་ལྟར་འབྱུང་བར་མཉམ་འབྲེལ་གྱི་ཐབས་ལམ་ལ་བརྟེན་ཏེ་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན་སྐོར་གསུངས་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༨/༠༧

Leave a Reply