དབྱིན་ཡུལ་དུ་བོད་དོན་ཞི་བའི་གོམ་བགྲོད་གནང་།

བསྟན་འཛིན་བཟང་མོ་ལགས་ཀྱིས་སྣེ་འཁྲིད་དེ་བོད་མི་བཞི་ཡིས་དབྱིན་ཡུལ་གྱི་གྲོང་ཁྱེར་བྷི་རི་སི་ཊོལ་ (Bristol) ནས་རྒྱལ་ས་ལོན་ཊོན་ (London) བར་བོད་དོན་ཞི་བའི་གོམ་བགྲོད་གནང་བཞིན་འདུགདབྱིན་ཡུལ་དུ་གནས་སྡོད་བོད་མི་བསྟན་འཛིན་བཟང་མོ་ལགས་ཀྱི་སྣེ་འཁྲིད་འོག ཟླ་འདིའི་ཕྱི་ཚེས་ ༥ ནས་མགོ་འཛུགས་ཀྱིས་ཟླ་འདིའི་ཕྱི་ཚེས་ ༡༠ བར། རྒྱ་ནག་གཞུང་གིས་བོད་མི་དང་ཡུ་གུར། ཧོང་ཀོང་མི་མང་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་ངོ་རྒོལ་དང་བོད་དོན་གོ་རྟོགས་སྤེལ་ཆེད། དབྱིན་ཡུལ་གྱི་གྲོང་ཁྱེར་བྷི་རི་སི་ཊོལ་ (Bristol) ནས་རྒྱལ་ས་ལོན་ཊོན་ (London) བར་བོད་དོན་ཞི་བའི་གོམ་བགྲོད་ལས་འགུལ་སྤེལ་ཏེ། དེ་རིང་ས་གནས་དེའི་ཆུ་ཚོད་ ༩།༣༠ ཙམ་ལ་གོམ་བགྲོད་པ་རྣམས་ཡུལ་དེའི་བྷེག་ཤ་ཡེར་ (Berkshire County) རྫོང་དུ་འབྱོར་འདུག

བསྟན་འཛིན་མོ་ལགས་ཀྱིས་ད་ཐེངས་ཀྱི་གོམ་བགྲོད་ལས་འགུལ་དེ་ཉིད་དམིགས་བསལ་གལ་འགངས་ཆེན་པོ་ཆགས་ཚུལ་སྐོར་འདི་གའི་གསར་འགོད་པར། དབྱིན་ཇིས་རྒྱ་གར་བཙན་འཛུལ་བྱེད་རིང་། བོད་དེ་ས་འབྲེལ་ཆགས་ཡོད་པ་ཤེས་ཀྱི་ཡོད་ལ། དབྱིན་ཇིའི་གཞུང་གིས་བོད་རང་བཙན་ཡིན་པ་རྟོགས་ཀྱི་ཡོད་པ་རེད། འོན་ཀྱང་ད་ལྟ་རྒྱབ་སྐྱོར་བྱེད་ཐུབ་ཀྱི་མེད་པ་རེད། དེར་བརྟེན་དབྱིན་ཇིའི་གཞུང་མང་གཉིས་ནས་གནད་དོན་དེ་ཤེས་རྟོགས་ལེགས་པོ་ཡོང་རྒྱུ་གལ་ཆེན་པོ་རེད། ཅེས་དང་། འདས་པའི་ཉིན་གྲངས་གཉིས་རིང་གོམ་བགྲོད་པ་ཚོའི་རྐང་པར་ཆུ་བུར་ཐོན་པ་དང་། རྐང་པར་ན་ཟུག་བཏང་བ་ལས་གཞན་དཀའ་ངལ་དམིགས་བསལ་ཕྲད་མེད་ཅིང་། གོམ་བགྲོད་སྐབས་ཕྱི་མི་བོད་དོན་རྒྱབ་སྐྱོར་བ་རེ་འགས་སྡོད་གནས་གུར་དང་ཞལ་ལག་སོགས་ཀྱི་མཐུན་འགྱུར་གནང་ཡོད་སྐོར་དང་། གལ་ཏེ་གོམ་བགྲོད་པར་དཀའ་ངལ་མ་འཕྲད་ཚེ་ཕྱི་ཚེས་ ༡༠ ཉིན་ལོན་ཊོན་དུ་འབྱོར་རྒྱུའི་རེ་བ་བྱེད་ཀྱི་ཡོད་སྐོར་བརྗོད་བྱུང་།

ཡང་བསྟན་འཛིན་བཟང་མོ་ལགས་ཀྱིས། ཕྱི་ཚེས་ ༥ ཉིན་གྱི་གོམ་བགྲོད་ལས་འགུལ་དབུ་འཛུགས་ཀྱི་མཛད་སྒོའི་སྟེང་། དབྱིན་ཡུལ་གྱི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ལྕམ་སྐུ་ཀེ་རི་མེ་ཁར་ཐི་ (Kerry McCarthy) ལགས་ངོ་ཕེབས་གནང་སྟེ། ཁོང་མོ་ལས་འགུལ་འདིར་ངོ་བཅར་ཞུས་དོན་ཡང་རྒྱབ་སྐྱོར་མཚོན་ཆེད་ཡིན་ཞིང་། བཙན་བྱོལ་བོད་མི་ཚོས་འཛམ་གླིང་མི་མང་ལ་བོད་ནང་གི་དངོས་ཡོད་གནས་སྟངས་སྐོར་གོ་རྟོགས་སྤེལ་བཞིན་པར་བསྔགས་བརྗོད་ཡོད་པ་དང་།  འདས་པའི་ཟླ་ཤས་རིང་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་རྒྱ་ནག་གི་བྱ་སྤྱོད་ལ་དམིགས་བསལ་དོ་སྣང་ཤུགས་ཆེན་པོ་སླེབས་ཡོད་ཅིང་། རྒྱ་ནག་གཞུང་ལ་ངོ་རྒོལ་བྱ་རྒྱུ་གལ་ཆེན་པོ་ཡིན་སྐོར་གྱི་གཏམ་བཤད་གནང་ཡོད་པ་དང་། གཞན་ཡང་གོམ་བགྲོད་མཛད་སྒོའི་ཐོག་ས་གནས་བོད་མི་དང་། ཕྱི་མི་བོད་དོན་རྒྱབ་སྐྱོར་བ་བཅས་འཛོམས་ཡོད་འདུག་ལ། ཐེངས་འདིའི་བོད་དོན་གོམ་བགྲོད་པ་རྣམས་ནི་བསྟན་འཛིན་བཟང་མོ་ལགས་དང་བསོད་ནམས་ཚེ་རིང་ལགས། བཀྲ་ཤིས་དོན་གྲུབ་ལགས། བསྟན་འཛིན་ཕུན་ཚོགས་ལགས་བཅས་ཡིན་འདུག

བོད་དོན་ཞི་བའི་གོམ་བགྲོད་ལས་འགུལ་འདི་བརྒྱུད་རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ལ་བོད་རྒྱ་གྲོས་མོལ་བསྐྱར་གསོ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། རྒྱ་ནག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་། ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་གྱོང་གུད་ལ་འགན་འཁུར་དུ་འཇུག་དགོས་པ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ནང་གདན་འདྲེན་དགོས་པ། ༧པཎ་ཆེན་རིན་པོ་ཆེ་མཆོག་དང་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་གཙོས་པའི་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་དགོས་སྐོར་གྱི་འབོད་སྐུལ་ཞུས་འདུག

དེ་བཞིན་དབྱིན་ཡུལ་གྱི་གཞུང་མང་གཉིས་ནས་རྒྱ་ནག་གཞུང་གིས་བོད་དང་ཡུ་གུར། ཧོང་ཀོང་མི་མང་ལ་དྲག་གནོན་བྱེད་བཞིན་པར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་(Magnitsky Act) གཞིར་བཟུང་དཔལ་འབྱོར་ཉེས་ཆད་གཅོད་དགོས་པ་དང་། བོད་དེ་ལོ་རྒྱུས་ཐོག་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པའི་ངོས་ནས་བོད་དོན་ལ་རྒྱབ་སྐྱོར་བྱེད་དགོས་པ། དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་རྣམས་དབྱིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་ཞུགས་དགོས་པ། གྲོས་ཚོགས་འཐུས་མི་རྣམ་པས་བོད་ནང་འགྲོ་འོང་འདྲ་མཉམ་གྱི་ཁྲིམས་འཆར་ལ་རྒྱབ་སྐྱོར་བྱ་དགོས་པ། དེ་བཞིན་རྒྱ་ནག་དམར་ཤོག་ཚོགས་པ་དང་འབྲེལ་བ་དམ་ཟབ་ཡོད་པའི་ཁུང་ཙིའི་སློབ་གླིང་ལ་ཞིབ་འཇུག་ཚུགས་དགོས་པ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེའི་ཡང་སྲིད་ཕེབས་ཕྱོགས་ཀྱི་གནད་དོན་དེ་མགོན་པོ་ཁོང་ཉིད་ཀྱི་སྐུ་དབང་ཞིག་ཡིན་པར་ངོས་འཛིན་དགོས་པ་བཅས་རེ་སྐུལ་དོན་ཚན་ ༦ བཏོན་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༨/༠༧

Leave a Reply