རྒྱ་གར་ལྷོ་ཕྱོགས་ཀྱི་གཞིས་ཆགས་ནང་ཆར་ཆུས་གནོད་སྐྱོན་བཟོས།

རྒྱ་གར་ལྷོ་ཕྱོགས་ཀར་ཎ་ཊ་ཀ་མངའ་སྡེའི་ནང་ཆར་བ་ཤུགས་ཆེན་འབབ་བཞིན་ཡོད་པས་བོད་མིའི་གཞིས་ཆགས་དང་ཡུལ་མིའི་ཞིང་ས་དང་སྡོད་ཁང་སོགས་ལ་གནོད་སྐྱོན་ཐེབས་ཀྱི་ཡོད་འདུག

ས་གནས་སུ་ལོ་ལྟར་ཕྱི་ཟླ་༥ པའི་ཟླ་སྟོད་ནས་སོ་ནམ་འདེབས་ལས་བྱེད་འགོ་རྩོམ་པ་དང་། ཕྱི་ཟླ་༦ པ་ནས་ཆར་དུས་འགོ་འཛུགས་ཀྱི་ཡོད་ལ། སྟོན་ཉེས་འབྱུང་བའི་དཀའ་ངལ་དེ་ཙམ་མེད་ཀྱང་། ད་ལོར་ཆར་ཆུ་བབ་པ་ཚད་ལས་བརྒལ་ནས་ས་གནས་སུ་སྟོན་ཐོག་བརྒྱ་ཆ་ལྔ་བཅུ་ནས་བརྒྱད་ཅུ་བར་འཕྲོ་བརླག་ཏུ་འགྲོ་ཉེན་ཡོད་པ་དང་། ཆར་པ་ཉིན་མཚན་མང་པོར་བབ་རྐྱེན་སེ་ར་དང་ལུགས་བསམ་བོད་མིའི་གཞིས་གྲོང་ཁ་ཤས་ལ་གློག་མེད་ནས་ཉིན་མཚན་བཞི་ལྔ་ཞིག་འགྲོ་བཞིན་ཡོད་འདུག

གནས་ཚུལ་འདིའི་སྐོར་ལ་བདེ་སྐྱིད་སླར་གསོའི་ཞིང་པ་ཁག་ཅིག་དང་ལུགས་བསམ་བོད་མི་ཁག་ཅིག་ལ་ཞིང་ཁ་ལ་སྐྱོན་ག་འདྲ་བྱུང་ཡོད་མེད་དྲིས་པར་ཁོང་ཚོས། འདི་ལོར་ཆར་ཆུ་འབབ་ཚད་ཆེ་བས་ད་དུང་ཉིན་ཁས་བསྟུན་མར་བབ་ན་ཞིང་ཁར་སྐྱོན་ཆེན་པོ་ཡོང་རྒྱུ་དང་། ཁེ་བཟང་ཕར་ཞོག་འགྲོ་སོང་ཀྱང་རག་གི་མ་རེད། སྤྱི་ཡོངས་ནས་བཤད་ན་ས་གནས་ཀྱི་ཞིང་ས་ཡག་སྡུག་གི་ཁྱད་པར་ཡོད་པ་རེད། ཞིང་ས་ཡག་པོ་ཡོད་ས་ནས་ཕར་ཆེར་སྟོན་ཐོག་བརྒྱ་ཆ་ལྔ་བཅུ་ཙམ་རེ་ཕན་ཐོགས་མེད་པ་ཆགས་རྒྱུ་དང་། ཞིང་ས་སྡུག་ས་དག་ནས་ཕར་ཆེར་བརྒྱ་ཆ་དྲུག་བཅུ་བདུན་ཅུ་ཙམ་ཕན་ཐོགས་མེད་པ་ཆགས་ཉེན་ཡོད་པ་རེད། ཅེས་བརྗོད་བྱུང་།

ཞིང་སར་གནོད་སྐྱོན་ཐེབས་པའི་ཞིང་པ་ཞིག་གིས་གསར་འགོད་པར། “སྟོན་ཐོག་བརྒྱ་ཆ་ལྔ་བཅུ་མ་ལོན་ན། ཞིང་པའི་འགྲོ་སོང་དང་སྟོན་འབྲས་ཀྱི་ཡོང་འབབ་ཁ་འདུམ་མི་ཐུབ་པའི་དཀའ་ངལ་འཕྲད་ཀྱི་རེད། སྟོན་འབྲས་བརྒྱ་ཆ་ལྔའམ་བཅུ་ཙམ་ལས་མ་ལོན་པའི་ཞིང་སའི་ཐོན་འབྲས་ཀྱི་ཡོང་འབབ་ཀྱིས་ཐོག་མའི་འགྲོ་སོང་ཡང་གསོ་ཐུབ་ཀྱི་མ་རེད། ནམ་རྒྱུན་མཉམ་འབྲེལ་ནས་གཞིས་ཆགས་མི་མང་ལ་ཧིན་སྒོར་འབུམ་དྲུག་ཅུ་བདུན་ཅུ་བུ་ལོན་གཏོང་གི་ཡོད་རེད། དེར་བརྟེན་སྟོན་འབྲས་བརྒྱ་ཆ་ལྔ་བཅུ་ཙམ་ལས་མ་བྱུང་བ་ཡིན་ན། ཞིང་པ་མི་མང་གིས་མཉམ་འབྲེལ་ལ་བུ་ལོན་སོད་ཀྱི་མ་རེད། དེ་ནས་མཉམ་འབྲེལ་ལ་ཡང་དཀའ་ངལ་འཕྲད་ཀྱི་རེད་ལ་མི་མང་ལ་ཡང་དཀའ་ངལ་ཡོད་པ་རེད། ང་རང་ཉིད་ལ་ས་ཞིང་ཡག་སྡུག་གཉིས་ཡོད་པ་ལས་ཆ་སྙོམས་བྱས་ན་སྟོན་འབྲས་བརྒྱ་ཆ་བཞི་བཅུ་ཙམ་ལེན་རྒྱུ་ཡོད་པར་རེ་བ་བྱེད་ཀྱི་ཡོད། ”ཅེས་བརྗོད་བྱུང་།

ཆར་ཆུའི་དཀའ་ངལ་དེ་སྦེལ་ཀོབ་ས་ཁུལ་གཅིག་པུ་ཙམ་མ་ཡིན་པར། རྒྱ་གར་ལྷོ་ཕྱོགས་ཁུལ་དང་། ལྷག་པར་ཀར་ཎ་ཊ་ཀའི་མངའ་སྡེའི་ཁུལ་དུ་ཆར་ཆུའི་་དཀའ་ངལ་ཆེན་པོ་ཆགས་བཞིན་ཡོད་པ་རེད་འདུག འདི་ལོར་སྦེལ་ཀོབ་ཁུལ་དུ་སྟོན་ཉེས་བྱུང་བ་ནི་ས་གནས་སུ་སྟོན་ཉེས་བྱུང་བ་ཐེངས་གསུམ་པ་དེ་ཡིན་པ་དང་། སྟོན་ཉེས་ཀྱི་དཀའ་ངལ་ཆེན་པོ་འཕྲད་པ་ཡིན་ན་བཙན་བྱོལ་གཞུང་གི་ངོས་ནས་འབྲེལ་ཡོད་མི་མང་ལ་གཟིགས་རྟོགས་གནང་རྒྱུའི་རེ་བའང་བྱེད་བཞིན་ཡོད་པ་རེད། ས་གནས་ཀྱི་སྟོན་ཐོག་མང་ཆེ་བ་ཨ་ཤོམ་ཡིན་པ་དང་། དེ་མིན་དེང་སྐབས་གཞོན་སྐྱེས་ཁག་ཅིག་ལ་ཤིང་སྡོང་སིལ་བུར་དང་སྒ་སྨུག་འཛུགས་རྒྱུར་དོ་སྣང་སླེབ་བཞིན་ཡོད་པས། ས་གནས་སུ་ཨཱ་རྡི་རག་འམ་སྒ་སྨུག་འདེབས་པའི་ཞིང་ཁ་སྔར་ལས་མང་བ་མཐོང་རྒྱུ་ཡོད་པ་རེད། འོན་ཀྱང་སིལ་བུར་འཛུགས་མཁན་དག་ལ་ཆར་ཆུ་ཅུང་མང་ཡང་སྐྱོན་མེད་འདུག

དེ་མིན་གཞིས་ཆགས་ཀྱི་ཉེ་འཁྲིས་སུ་ཡོད་པའི་སྦེ་ལ་ཀོ་བི་bylakopeགྲོང་གསེབ་ཁག་ཏུ་ཞིང་ཁ་དང་སྡོད་ཁྱིམ་མང་པོ་ཆུའི་ནང་དུ་ནུབ་པ་མ་ཟད། ས་གནས་དེར་ཡོད་ཞིང་པ་མན་ཤི་ལཱ་Ramshila ཡིས་འདི་གའི་གསར་འགོར་པར། ཁོང་གིས་ངའི་ཞིང་ཁ་ལ་ཨ་ཤོམ་ཨེ་ཀར་བཅུ་བཏབས་པ་ཚང་མ་ཕན་མེད་དུ་ཆགས་སོང་། ད་ཐེངས་ས་གནས་དེར་ཁྱོན་བསྡོམས་ཁང་པ་ ༨༠ ལྷག་ཞིག་དང་ཞིང་ཁ་ཨེ་གར་ ༤༠༠ ལྷག་ཞིག་ལ་གནོད་སྐྱོན་ཕོག་ཡོད་པ་དང་། ས་གནས་མི་མང་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་མ་ཟད་གཞུང་ལམ་སོགས་ཆུས་གང་ནས་ལམ་ཁ་ཡང་མང་པོ་ཆད་འདུག

རྒྱ་གར་ལྷོ་ཕྱོགས་ཀྱི་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

བསྐྱར་བཅོས།: ༢༠༢༠/༠༨/༠༩

Leave a Reply

4 thoughts on “རྒྱ་གར་ལྷོ་ཕྱོགས་ཀྱི་གཞིས་ཆགས་ནང་ཆར་ཆུས་གནོད་སྐྱོན་བཟོས།

  1. གཞུང་པ་ཚེ་དབང་བསོད་ནམས།

    ཆར་པ་མང་བས་ལོ་ཏོག་ལ་གནོད་སྐྱོན་དང་ཆར་པ་ཉུང་བས་ལོ་ཏོག་མ་སྐྱེས་པའི་དཀའ་ངལ་འདི་ཚོ་ཞིང་པའི་དཀའ་ངལ་དངོས་འབྲེལ་རེད་འདུག་གོ།

  2. སྐྱག་རྫུན་རྐྱང་བཤད་ནས་སྡོད་ཨ། སྦེལ་ཀོབ་བོད་མིའི་ཞིང་སར་ཆུ་སླད་ས་ཕལ་ཆེར་ཡོད་མ་རེད་ཡ་་་་་་

  3. འདམ་སྐྱེས།

    བོད་པའི་གཞིས་ཁག་ནང་ད་ལྟའི་ཆར་ཆར་ཆུའི་དཀའ་ངལ་ཆེ་བ་གང་ཡང་མི་འདུག ལུགས་བདེའི་གཞིས་ཁག་གཉིས་དང་འབྲེལ་ཆགས་རྣམས་ཐུགས་བདེ་གནང་འཐུས།།