ཧོང་ཀོང་གི་གནད་དོན་དང་འབྲེལ་བའི་དཔོན་རིགས་བཅུ་གཅིག་ལ་ཨ་རིས་ཉེས་ཆད་བཅད།

ཨ་རིས་ཧོང་ཀོང་གི་རང་སྲིད་རང་སྐྱོང་ལ་ཁྲིམས་འགལ་བྱས་པའི་རྒྱ་རིགས་དབང་འཛིན་མི་སྣ་བཅུ་གཅིག་བཀག་སྡོམ་ཉེས་ཆད་་བཏང་བའི་མིང་ཐོ་ཁྲོམ་བསྒྲགས་བྱས།

བསྟན་འཛིན་རབ་བརྟན་གྱིས་བསྒྱུར་སྒྲིག་བྱས།

ཨ་རིའི་ནོར་སྲིད་ལྷན་ཁང་གིས་རྒྱ་ནག་དང་ཧོང་ཀོང་གི་དཔོན་རིགས་བཅུ་གཅིག་གི་ཕྱིར་སྐྱོད་ལག་ཁྱེར་དང་རྒྱུ་ནོར་བཀག་སྡོམ་བྱས་ཡོད་ཅིང་། དེའི་ནང་ཧོང་ཀོང་གི་སྤྱི་ཁྱབ་འགན་འཛིན་ཁེ་རི་ལེམ་དང་། རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་ཧོང་ཀོང་དང་ཨའོ་མེན་ལས་དོན་གཞུང་ལས་ཁང་གི་འགན་འཛིན་ཞ་པའོ་ལུང་། འགན་འཛིན་ཟུར་པ་ཀྲང་ཞའོ་མེང་། དེ་མིན་རྒྱ་ནག་དབུས་གཞུང་གི་ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་བཅའ་སྡོད་པའི་འབྲེལ་མཐུད་གཞུང་ལས་ཁང་གི་འགན་འཛིན་ལའོ་ཧོས་ཉེང་སོགས་ཡོད་དེ།  དབང་འཛིན་མི་སྣ་དེ་དག་གི་ཕྱི་སྐྱོད་ལག་ཁྱེར་སོགས་དཔང་ཡིག་གི་གནས་ཚུལ་དང་། ཁྱིམ་ཚང་གི་སྡོད་གནས་བཀག་སྡོམ་བྱས་པའི་རྒྱུ་རྐྱེན་བཅས་ཁྲོམ་བསྒྲགས་བྱས་ཡོད།

ཨ་རིའི་ནོར་སྲིད་ལྷན་ཁང་གིས་གསལ་བསྒྲགས་བྱས་པ་ལྟར་ན། ཨ་རིས་བཀག་སྡོམ་བྱས་པའི་རྒྱ་ནག་གི་དབང་འཛིན་མི་སྣ་བཅུ་གཅིག་འདི་དག་ལ་ཨ་རི་དང་ཡང་ན་ཨ་རིས་སྟངས་འཛིན་བྱས་པའི་ཁྱབ་ཁོངས་ནང་ཐད་ཀར་བརྒྱུད་པའམ་ཡང་ན་གཞན་བརྒྱུད་ནས་ཡོད་པའི ༥༠%ཡན་གྱི་དངོས་གཉེར་དཔལ་འབྱོར་དང་རྒྱུ་ནོར་གྱི་བདག་དབང་ཡོད་ཚད་བཀག་སྡོམ་བྱས་ཡོད་པར་མ་ཟད། ཨ་རིའི་ནོར་སྲིད་ལྷན་ཁང་ཕྱི་རྒྱལ་རྒྱུ་ནོར་རྩིས་སྤྲོད་དོ་དམ་གཞུང་ལས་ཁང(OFAC)ལ་སྙན་ཞུ་འབུལ་དགོས་འདུག

ཨ་རིས་ཧོང་ཀོང་མི་དམངས་ལ་གདུང་སེམས་མཉམ་སྐྱེད་བཅངས་ནས་ཧོང་ཀོང་མི་དམང་ཀྱིས་བློ་བརྟན་འགྱུར་བ་མེད་པའི་སྒོ་ནས་རང་དབང་དང་དམངས་གཙོ་དོན་གཉེས་བྱས་པར་བསྟོན་སྐུལ་བྱས་ཡོད། ཨ་རིའི་སྲིད་འཛིན་བཀའ་རྒྱ་ཨང ༡༣༩༣༦ ལས་གཏན་འཁེལ་བྱས་པའི་རྒྱ་ནག་དམར་ཤོག་དང་ཧོང་ཀོང་གི་དབང་འཛིན་མི་སྣ་བཅུ་གཅིག་གིས་ལག་བསྟར་བྱས་པའི་སྲིད་བྱུས་ཀྱིས་ཧོང་ཀོང་གི་སྨྲ་བརྗོད་རང་དབང་དང་། འདུ་འཛོམས་རང་དབང་། དམངས་གཙོའི་འཕེལ་རིམ་བཅས་ལ་མཐའ་གཅིག་ཏུ་དྲག་གནོན་བྱས་ཡོད་སྟབས། ཁོ་ཚོས་ཧོང་ཀོང་གི་རང་སྲིད་རང་སྐྱོང་གི་དབང་ཆ་དམར་རུ་ཕྱིན་པར་འགན་ཁུར་ཡོད། ནོར་སྲིད་ལྷན་ཁང་ནས་གསལ་བསྒྲགས་བྱས་རྒྱུར། ཨ་རིས་སྲིད་འཛིན་བཀའ་རྒྱ་ཡིས་སྤྲད་པའི་དབང་ཆ་སྤྱད་ནས་མུ་མཐུད་དུ་མ་རུང་བའི་སྲིད་བྱུས་སྡུག་པོ་འདི་དག་ལག་བསྟར་བྱེད་མཁན་གྱི་དབང་འཛིན་པ་དེ་ཚོའི་རྗེས་འདེད་རྒྱུ་ཡིན་ཟེར།

གཅིག  སྤྱི་ཁྱབ་ཁེ་རི་ལེམ(Carrie Lam Cheng Yuet-ngor)གྱིས་པེ་ཅིང་གི་དྲག་གནོན་ཐད་ཀར་ལག་བསྟར་བྱས་པ།

གསར་འགྱུར་གྱི་མ་རྩོམ་ལས་བསྟན་རྒྱུར། ཧོང་ཀོང་གི་སྤྱི་ཁྱབ་ཁེ་རི་ལེམ་ནི་པེ་ཅིང་གིས་ཧོང་ཀོང་གི་རང་དབང་དང་དམངས་གཙོའི་འཕེལ་རིམ་དྲག་གནོན་བྱས་པའི་སྲིད་བྱུས་ཐད་ཀར་ལག་བསྟར་བྱེད་མཁན་གྱི་ལག་བསྟར་པ་གཙོ་བོ་དེ་ཡིན།

ཁེ་རི་ལེམ་གྱིས ༢༠༡༩ ལོར་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་གསར་པ་བཟོ་རྒྱུར་སྐུལ་འདེད་བྱས་ཏེ། ཉེས་ཅན་རྣམས་རྒྱ་ནག་ལ་སྤྲོད་རྩིས་བྱས་སྟབས། ཧོང་ཀོང་དུ་གཞི་རྒྱ་ཆེ་བའི་ངོ་རྒོལ་ཁྲོམ་སྐོར་བྱུང་། དེ་བས་ཁེ་རི་ལེམ་ནི་རྒྱ་ནག་དམར་ཤོག་གི<<ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས>>གཏན་འབེབས་བྱེད་མཁན་དང་ལག་བསྟར་བྱེད་མཁན་ཡིན་པར་ངོས་འཛིན་བྱས།

གཉིས། ཧོང་ཀོང་ཉེན་རྟོག་ལས་གཉེར་ཁང་གི་འགན་འཛིན་ཏེང་པེན་ཆང(Deng Bing Qiang)གིས<<ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས>>ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་པ།

ཧོང་ཀོང་ཉེན་རྟོག་ལས་གཉེར་ཁང་གི་འགན་འཛིན་ཏེང་པེན་ཆང་གིས<<ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས>>ལ་མཐའ་གཅིག་ཏུ་ཧུར་བརྩོན་ཆེན་པོས་རྒྱབ་སྐྱོར་བྱས་ཤིང་། ཧོང་ཀོང་གི་ཉེན་རྟོག་སྡེ་ཁག་གིས་ཁོའི་སྣེ་ཁྲིད་འོག་ཧོང་ཀོང་རང་བྱུང་བཟོ་སྐྲུན་རིག་པའི་གཙུག་ལག་སློབ་ཆེན་གྱི་མཐའ་བསྐོར་ནས་ཞི་རྒོལ་བ་བརྒྱ་ཕྲག་མང་པོ་འཛིན་བཟུང་བྱས་པ་དང་། ཏེང་པེན་ཆང་ནི་གསར་དུ་ཚུགས་པའི་རྒྱལ་ཁབ་སྲུང་སྐྱོབ་བསྐོས་མི་ལྷན་ཁང་གི་ཁོངས་མིའང་ཡིན། <<ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས>>ལྟར། ཁོ་ནི་ཧོང་ཀོང་གི་ཞི་རྒོལ་བར་བཙན་ཤེད་སྤྱོད་པ་དང་། འཛིན་བཟུང་བྱེད་པ། བཀག་སྐྱིལ་བྱེད་པ། བཙོན་འཇུག་བྱས་པ་བཅས་ཀྱི་འགན་འཁུར་མཁན་ཡིན་པར་ངོས་འཛིན་བྱས།

གསུམ། ཧོང་ཀོང་ཉེན་རྟོག་ལས་གཉེར་ཁང་གི་འགན་འཛིན་སྔོན་མ་ལུའུ་ཝེ་ཚུང(luo Wei Cong)གིས་ཞི་རྒོལ་བ་བཞི་སྟོང་ལྷག་འཛིན་བཟུང་བྱས་པ།

ལུའུ་ཝེ་ཚུང་ནི་སྔོན་ཆད་ཧོང་ཀོང་ཉེན་རྟོག་ལས་གཉེར་ཁང་གི་འགན་འཛིན་དུ་བསྡད་ཅིང་། དུས་སྐབས་ཡུན་རིང་ཚུན་ནས ༢༠༡༩ ལོར་ལས་འཁྱུར་ངལ་གསོ་བྱས། ཁོས་སྣེ་ཁྲིད་བྱས་པའི་འོག་ཞི་རྒོལ་པ་ ༤༠༠༠བརྒལ་བ་ལྷག་འཛིན་བཟུང་བྱས་པ་དང་ཞི་རྒོལ་པ ༡༦༠༠ ལྷག་ལ་རྨས་སྐྱོན་བྱུང་། ལུའུ་ཝེ་ཚུང་ནི་ཧོང་ཀོང་སྲིད་གཞུང་གི་འགོ་ཁྲིད་མི་སྣ་དང་དབང་འཛིན་མི་སྣ་ཡིན་ཞིང་། དེའི་མངའ་འོག་གི་ཁོངས་མི་དག་གིས་ཧོང་ཀོང་དུ་སྨྲ་བརྗོད་རང་དབང་དང་འདུ་འཛོམས་རང་དབང་གི་ལས་འགུལ་སྤེལ་བར་བཀག་སྡོམ་དང་ཚོད་འཛིན། ཉེས་ཆད་གཅོད་པ་བཅས་ཀྱི་ལས་ཀ་སྒྲུབ་བཞིན་ཡོད།

བཞི། ཧོང་ཀོང་བདེ་སྲུང་ལྷན་ཁང་གི་འགན་འཛིན་ལིས་ཅ་ཀྲའོ(Li Jia Zhao)ཡིས་རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་ལག་བསྟར་བྱས་པ།

ལིས་ཅ་ཀྲའོ་ནི་ཧོང་ཀོང་བདེ་སྲུང་ལྷན་ཁང་གི་འགན་འཛིན་ཡིན་ཞིང་། ཁོའི་གཞུང་ལས་ཁང་གིས་བདེ་འཇགས་ཀྱི་འབྲེལ་ཡོད་སྲིད་བྱུས་ཡོད་ཚད་ལ་འགན་འཁུར་བཞིན་ཡོད། ལིས་ཅ་ཀྲའོ་ནི་ཧོང་ཀོང་སྲིད་འཛིན་ལྷན་ཁང་གི་ཁོངས་མི་ཡིན་ལ། ལས་ཁུངས་འདི་ནི་སྲིད་འཛིན་གྱི་དབང་འཛིན་མི་སྣའི་ཐབས་ཇུས་གཏན་འབེབས་བྱེད་པར་རོགས་འདེགས་བྱེད་པའི་ལས་ཁུངས་ཤིག་ཡིན་ཏེ། ཆེད་དམིགས་ཀྱིས<<ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས>>ལག་བསྟར་བྱེད་པའི་འགན་འཁུར་བའི་ཉེན་རྟོག་ལས་ཁུངས་གསར་པ་ཞིག་བཙུགས་ནས་གསང་བ་འཚོལ་སྡུད་དང་ཞིབ་བཤེར་བྱེད་པའི་འགན་འཁུར་གྱི་ཡོད་སྟབས། ལིས་ཅ་ཀྲའོ་ནི<<རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས>>ཀྱིས་དབང་ཆ་སྤྲད་པའི་འོག་མི་སྒེར་ལ་བཙན་ཤེད་དང་། འཇུ་བཟུང་། བཀག་སྐྱིལ། བཙོན་འཇུག་གཏོང་བ་ལག་བསྟར་བྱེད་མཁན་ཡིན་པར་ངོས་འཛིན་བྱས།

ལྔ། ཧོང་ཀོང་བཅའ་ཁྲིམས་སྲིད་འཛིན་ལྷན་ཁང་གི་འགན་འཛིན་ཀྲིན་རའོ་ཧྭ(Zheng Ruo Huaརྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཏན་འབེབས་བྱེད་པར་ཞུགས་པ།

ཀྲིན་རའོ་ཧྭ་ནི་ཧོང་ཀོང་བཅའ་ཁྲིམས་སྲིད་འཛིན་ལྷན་ཁང་གི་འགན་འཛིན་ཡིན། ཧོང་ཀོང་ཁྲིམས་འཛིན་ལྷན་ཁང་གི་འགན་འཁུར་བ་ཡིན་ཕྱིན། ཁོ་མོས་རང་ཉིད་ཀྱི་ལས་འགན་ནི་ཧོང་ཀོང་དུ་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་དང་ལག་བསྟར་བྱེད་རྒྱུ་དེ་ཡིན་ཞེས་བརྗོད་ཡོད། དེ་བས་ཀྲིན་རའོ་ཧྭ་ནི<<ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས>>གཏན་འབེབས་བྱེད་པ་དང་ལག་བསྟར་བྱེད་པར་ཞུགས་ཡོད།

དྲུག ཧོང་ཀོང་ཆབ་སྲིད་ལམ་ལུགས་དང་དབུས་ཁུལ་ལས་གཉེར་ཁང་གི་འགན་འཛིན་ཙེང་ཀའོ་ཝེ(Zeng Guo Wei )རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཏན་འབེབས་བྱེད་པར་ཞུགས་པ།

ཙེང་ཀའོ་ཝེ་ནི་སྤྱི་ཟླ་བཞི་པར་ཧོང་ཀོང་ཆབ་སྲིད་ལམ་ལུགས་དང་དབུས་ཁུལ་ལས་གཉེར་ཁང་གི་འགན་འཛིན་དུ་བསྡད་ཅིང་། ལས་ཁུངས་འདིས་ཧོང་ཀོང་གི་སྲིད་གཞུང་དང་རྒྱ་ནག་དབུས་ཁུལ་བར་གྱི་འབྲེལ་བ་རྒྱུན་འཁྱོངས་བྱས་ཡོད་སྟབས། དབང་འཛིན་མི་སྣ་ཁོ་རང<<རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས>>གཏན་འབེབས་བྱེད་པ་དང་ལག་བསྟར་བྱེད་པར་ཞུགས་ཡོད་པར་ངོས་འཛིན་བྱས།

བདུན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཧོང་ཀོང་དང་ཨའོ་མེན་ལས་གཉེར་གཞུང་ལས་ཁང་གི་འགན་འཛིན་ཞ་པའོ་ལུང(Xia Bao Long)གིས་ཧོང་ཀོང་གི་ཞི་བདེ་དང་བརྟན་བརླིང་རང་དབང་བཅས་ལ་འཇིགས་སྐུལ་བྱས་པ།

༢༠༢༠ལོའི་སྤྱི་ཟླ་ ༢ པར། ཞ་པའོ་ལོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཀོང་ཨའོ་(ཧོང་ཀོང་དང་ཨའོ་མེན་གཉིས་ཀྱི་བསྡུས་མིང)ལས་གཉེར་གཞུང་ལས་ཁང་གི་འགན་འཛིན་དུ་བསྐོས། ཀོང་ཨའོ་ལས་གཉེར་ཁང་ནི་རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངའ་འོག་གི་ལས་ཁུངས་ཤིག་ཡིན་ཞིང་། ཧོང་ཀོང་དང་ཨའོ་མེན་གྱི་འབྲེལ་ཡོད་ལས་དོན་ཚང་མའི་གཙོ་འགན་ཁུར་ཡོད།

གཞུང་ལས་ཁང་འདིས་བསྟན་རྒྱུར། ཁོ་ཚོའི་ལས་ཁུངས་ལ་ཧོང་ཀོང་གི་ལས་དོན་ལ་ལྟ་རྟོག་བྱེད་པའི་དབང་ཆ་ཡོད་ཅིང་། དབང་ཆ་དེའི་ནང<<གཞི་རྩའི་ཁྲིམས་འཆར>>ལག་བསྟར་བྱེད་རྒྱུ་ཡང་འདུས་ཡོད་ཟེར། དེ་བས་ཞ་པའོ་ལོང་ནི་ཧོང་ཀོང་གི་ཞི་བདེ་དང་། བདེ་འཇགས། བརྟན་བརླིང་། རང་སྲིད་རང་སྐྱོང་གི་འགུལ་སྐྱོད་དང་ཡང་ན་སྲིད་བྱུས་ལ་འཇིགས་སྐུལ་བྱེད་མཁན་གྱི་སྲིད་གཞུང་གི་འགོ་ཁྲིད་མི་སྣའམ་དབང་འཛིན་མི་སྣ་ཡིན་པར་ངོས་འཛིན་བྱས།

བརྒྱད།   ཀོང་ཨའོ་ལས་དོན་གཞུང་ལས་ཁང་གི་འགན་འཛིན་ཟུར་པ་ཀྲང་ཞའོ་མེང(Zhang Xiao Ming)གིས་ཧོང་ཀོང་གི་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ལ་རྒྱབ་སྐྱོར་བྱས་པ།

ཀྲང་ཞའོ་མེང་ནི་རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་ཧོང་ཀོང་དང་ཨའོ་མེན་ལས་དོན་གཞུང་ལས་ཁང་གི་འགན་འཛིན་སྔོན་མ་ཡིན་ཞིང་། ད་ལྟ་གཞུང་ལས་ཁང་དེའི་འགན་འཛིན་ཟུར་པ་ཡིན་ཏེ། སྡེ་ཚན་དེའི་ཉིན་རེའི་ལས་དོན་འགན་ཁུར་གྱི་ཡོད།

ཧོང་ཀོང་དང་ཨའོ་མེན་ལས་དོན་གཞུང་ལས་ཁང་གི་འགན་འཛིན་དུ་བསྡད་རིང་། ཁོས་རྩོད་གཞི་ཅན་གྱི་ ༢༠༡༩ ལོའི་ཧོང་ཀོང་གི་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ལ་རྒྱབ་སྐྱོར་བྱས་སྟབས། ཁོ་རང་ཧོང་ཀོང་གི་ཞི་བདེ་དང་། བདེ་འཇགས། བརྟན་བརླིང་། རང་སྲིད་རང་སྐྱོང་གི་འགུལ་སྐྱོད་དམ་སྲིད་བྱུས་ལ་འཇིགས་སྐུལ་བྱེད་མཁན་གྱི་སྲིད་གཞུང་གི་འགོ་ཁྲིད་མི་སྣ་དང་དཔོན་རིགས་ཡིན་པར་ངོས་འཛིན་བྱས།

དགུ། རྒྱ་ནག་དབུས་གཞུང་གི་ཧོང་ཀོང་བཅའ་སྡོད་འབྲེལ་མཐུད་གཞུང་ལས་ཁང་གི་འགན་འཛིན་ལའོ་ཧོས་ཉེང(Luo Hui Ning)ནི་དམར་ཤོག་གི་ཧོང་ཀོང་དུ་བཅའ་སྡོད་པའི་ཆེས་མཐོའི་དབང་འཛིན་མི་སྣ་ཡིན།ལའོ་ཧོས་ཉེང་ནི་རྒྱ་ནག་དམར་ཤོག་གི་ཧོང་ཀོང་དུ་བཅའ་སྡོད་བྱེད་པའི་ཆེས་མཐོའི་དབང་འཛིན་མི་སྣ་སྟེ་རྒྱ་ནག་དབུས་གཞུང་གི་ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་བཅའ་སྡོད་པའི་འབྲེལ་མཐུད་གཞུང་ལས་ཁང་གི་འགན་འཛིན་ཡིན། རྒྱ་ནག་དམར་ཤོག་ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི<<གཞི་རྩའི་བཅའ་ཁྲིམས>>ནང་རྒྱ་དམར་གྱིས་ཧོང་ཀོང་གི་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་ལས་དོན་ལ་ཇུས་གཏོགས་བྱས་མི་ཆོག་ཚུལ་ཡིག་ཐོག་ནས་བཀའ་རྒྱ་བསྒྲགས་ཡོད་ནའང་། འབྲེལ་མཐུད་གཞུང་ལས་ཁང་དེ་ཡིས་སྔར་བཞིན་དུ་ཐེ་གཏོགས་བྱེད་པའི་དབང་ཆ་ཡོད་ཟེར།

ལའོ་ཧོས་ཉེང་གིས་ ༢༠༠༣ ལོ་ནས་ ༢༠༡༦ ལོའི་བར་བོད་ནང་དུ་དམར་ཤོག་ཏང་སྲིད་ཀྱི་འགན་འཛིན་འཁུར་མྱོང་སྟེ། སྔ་གཞུག་ཏུ་བོད་མདོ་སྨད་ཀྱི་ས་ཆ་མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཁྱབ་འགན་འཛིན་དང་མཚོ་སྔོན་ཟི་ལིང་དུ་ཡོད་པའི་དམར་ཤོག་ཏང་གི་སློབ་གྲྭའི་སློབ་གཙོའི་འགན་སོགས་ཁུར་མྱོང་ལ། ༢༠༡༠ལོར་ཁམས་ཡུལ་ཤུལ་དུ་ས་ཡོམ་གྱི་གོད་ཆག་བྱུང་སྐབས་ཀྱང་སྔ་ཕྱིར་ཐེངས་དུ་མར་ཁམས་ཡུལ་ཤུལ་ལ་བསྐྱོད་ནས་བོད་ལ་གྱོང་ལས་ཁེ་ཕན་མེད་པའི་སྲིད་བྱུས་དུ་མ་ལག་བསྟར་བྱས་ཡོད།

དེར་མ་ཟད་ལའོ་ཧོས་ཉེང་ནི་ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་བསྐོས་མི་ལྷན་ཁང་གི་རྒྱལ་ཁབ་བདེ་འཇགས་ཀྱི་བློ་འདྲི་ཡུལ་ཡང་ཡིན་སྟབས། ལའོ་ཧོས་ཉེང་ནི་ཧོང་ཀོང་གི་ཞི་བདེ་དང་། བདེ་འཇགས། བརྟན་བརླིང་ངམ་རང་སྲིད་རང་སྐྱོང་གི་འགུལ་སྐྱོད་དང་སྲིད་བྱུས་ལ་འཇིགས་སྐུལ་བྱེད་མཁན་གྱི་སྲིད་གཞུང་གི་འགོ་ཁྲིད་མི་སྣའམ་དབང་འཛིན་དཔོན་རིགས་གཙོ་ཤོས་དེ་ཡིན་པར་ངོས་འཛིན་བྱས།

བཅུ། ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་སྤྱི་ཁྱབ་ཁང་གི་འགན་འཛིན་ཀྲིན་ཡན་ཞུང་།(Zheng Yan Xiong)

ཀྲིན་ཡན་ཞུང་ནི་ཧོང་ཀོང་དུ་གསར་དུ་ཚུགས་པའི་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་སྤྱི་ཁྱབ་ཁང་གི་ལས་ཐོག་དང་པོའི་འགན་འཛིན་ཡིན། རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་སྤྱི་ཁྱབ་ཁང་འདི་ནི<<ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས>>ལྟར་གསར་དུ་བཙུགས་པ་ཞིག་ཡིན་ཞིང་། ཧོང་ཀོང་གི་དབང་འཛིན་ལས་ཁུངས་ལ་ལྟ་རྟོག་བྱེད་པ་དང་གྱོད་དོན་གལ་ཆེན་ལ་མཐའ་གཅིག་ཏུ་ཞིབ་བཤེར་བྱེད་པའི་ཡོངས་ཁྱབ་ཀྱི་དབང་ཆ་སྤྲད་ཡོད།

ཀྲིན་ཡན་ཞུང་ནི་སྤྱི་ཁྱབ་ཁང་དེའི་འགན་འཛིན་ཡིན་ཕྱིར་རྒྱ་ནག་དམར་ཤོག་གི་དབང་འཛིན་མི་སྣ་གཙོ་བོ་ཡིན་པར་ངོས་འཛིན་བྱས་ཡོད་ཅིང་།  རྒྱ་གཞུང་གི་དབང་འཛིན་མི་སྣ་གཙོ་བོ་འདི་དང་ཡང་ན་འདིའི་མངའ་འོག་གི་ཁོངས་མི་རྣམས་ཧོང་ཀོང་གི་ཞི་བདེ་དང་། བདེ་འཇགས། བརྟན་བརླིང་།  ཡང་ན་རང་སྲིད་རང་སྐྱོང་གི་འགུལ་སྐྱོད་དམ་སྲིད་བྱུས་ལ་འཇིགས་སྐུལ་བྱེད་པར་ཞུགས་ཡོད།

བཅུ་གཅིག  ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ལྷན་ཁང་གི་དྲུང་ཆེ་ཁྲིན་གོ་ཅིས། (Chen Guo Ji)

ཧོང་ཀོང་གི་སྤྱི་ཁྱབ་འགན་འཛིན་གཞུང་ལས་ཁང་གི་འགན་འཛིན་ཁྲིན་གོ་ཅིས་ནི་རྒྱ་གཞུང་གིས<<ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས>>ལྟར་ཉེ་ཆར་གསར་དུ་བཙུགས་པའི་རྒྱལ་ཁབ་བདེ་འཇགས་བསྐོས་མི་ལྷན་ཁང་གི་དྲུང་ཆེར་བསྐོ་གཞག་བྱས་པ་ཡིན། བསྐོས་མི་ལྷན་ཁང་འདིའི་ལས་དོན་ཚང་མ་ཕྱི་ཕྱོགས་ལ་ཁྲོམ་བསྒྲགས་བྱེད་ཀྱི་མེད་ཅིང་། ལྷན་ཁང་འདིའི་ཐག་གཅོད་གཏན་འབེབས་ལའང་ཁྲིམས་འཛིན་ལས་ཁུངས་ཀྱིས་ཞིབ་བཤེར་བྱེད་ཀྱི་མེད། དེ་བས་ཁྲིན་གོ་ཅིས་ནི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་གཏན་འབེབས་བྱེད་པ་དང་། འགན་ཁུར་བྱེད་པ། ཁས་ལེན་བྱེད་པ། ལག་བསྟར་བྱེད་པ་བཅས་སུ་ཞུགས་ཡོད་པར་ངོས་འཛིན་བྱས།

བསྐྱར་བཅོས།: ༢༠༢༠/༠༨/༠༩

Leave a Reply

One thought on “ཧོང་ཀོང་གི་གནད་དོན་དང་འབྲེལ་བའི་དཔོན་རིགས་བཅུ་གཅིག་ལ་ཨ་རིས་ཉེས་ཆད་བཅད།