ཨ་རིའི་སྐུ་ཚབ་ཐའེ་ཝན་དུ་འབྱོར།

ཐའེ་ཝན་གྱི་སྲིད་འཛིན་ཚའེ་ཡེན་ཝུན་མཆོག་གིས་ཨ་རི་དང་ཐའེ་ཝན་མཉམ་འབྲེལ་བྱས་པའི་ཐོག་ནས་དམངས་གཙོ་ནི་འཛམ་གླིང་གི་དཀའ་ངལ་ཁག་ལ་གདོང་ལེན་བྱེད་པའི་ལམ་ལུགས་ཡག་ཤོས་དེ་ཡིན་པ་ར་སྤྲོད་ཐུབ་སྐོར་གསུངས། དེ་རིང་ཕྱི་ཚེས་ ༡༠ ཉིན་ཨ་རིའི་འཕྲོད་བསྟེན་ལྷན་ཁང་གི་དྲུང་ཆེ་སྐུ་ཞབས་ཨེ་ལེག་སི་ཨ་ཛར་ (Alex Azar) ལགས་ཀྱི་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་ཐའེ་ཝན་གྱི་སྲིད་འཛིན་ཚའེ་ཡེན་ཝུན་མཆོག་དང་མཇལ་འཕྲད་གནང་ཡོད་པ་དང་། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཝང་ཝིན་པིན་ (Wang Wenbin) གྱིས་ཨ་རིའི་བྱེད་བབ་ནོར་འཁྲུལ་ཅན་དེར་རྒོལ་ལན་ནན་པོ་སློག་ངེས་ཡིན་སྐོར་བསྒྲགས་འདུག

ཐའེ་ཝན་གྱི་སྲིད་འཛིན་ཚའེ་ཡེན་ཝུན་མཆོག་སྒེར་གྱི་ཊུ་ཝེ་ཊུར་སྤྱི་ཚོགས་བརྒྱུད་ལམ་སྟེང་། མཇལ་འཕྲད་དོན་སྙིང་ལྡན་པ་བྱུང་བ་དང་། སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱལ་སྲིད་དྲུང་ཆེ་མེག་ཕོམ་པེ་ (Mike Pompeo) ལགས་རྣམ་གཉིས་ཀྱིས། ཐའེ་ཝན་དང་ཐའེ་ཝན་གྱི་རྒྱལ་སྤྱིའི་སྡིངས་ཆའི་ཐོག་མཉམ་ཞུགས་བྱེད་པར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ། ང་ཚོས་མཉམ་འབྲེལ་བྱས་ཐོག་དམངས་གཙོ་ནི་འཛམ་གླིང་གི་དཀའ་ངལ་ཁག་ལ་གདོང་ལེན་བྱེད་པའི་ལམ་ལུགས་ཡག་ཤོས་དེ་ཡིན་པ་ར་སྤྲོད་ཐུབ་པ་རེད། ཅེས་བཀོད་འདུག

ཨ་རིའི་འཕྲོད་བསྟེན་ལྷན་ཁང་གི་དྲུང་ཆེ་སྐུ་ཞབས་ཨེ་ལེག་སི་ཨ་ཛར་ (Alex Azar) ལགས་དང་སྲིད་འཛིན་ཚའེ་ཡེན་ཝུན་གཉིས་གྱི་མཇལ་འཕྲད་རྗེས། ཚའེ་ཡེན་ཝུན་མཆོག་གིས་གསར་འགོད་གསལ་བསྒྲགས་ཤིག་གནང་སྟེ། རྒྱ་ནག་གཞུང་གི་གནོན་ཤུགས་ལ་བརྟེན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ལྷན་ཚོགས་ཀྱིས་མུ་མཐུད་ཐའེ་ཝན་ནི་སྒྲིག་འཛུགས་དེའི་ཐག་གཅོད་ཀྱི་ཁོངས་ནས་ཕུད་ཡོད་པ་ནི་བློ་འཚབ་སྐྱེས་ཡུལ་ཞིག་ཡིན་པ་དང་། ཆབ་སྲིད་ཀྱི་དགོས་མཁོ་ནི་འཕྲོད་བསྟེན་གྱི་ཐོབ་ཐང་ལས་མི་བརྒལ་བའི་འབོད་སྐུལ་དང་། ཐའེ་ཝན་རྒྱལ་ཚོགས་ཀྱི་ལྷན་ཚོགས་ནང་ཆ་ཤས་ལེན་རྒྱུར་བཀག་འགོག་བྱས་པ་ནི་རྒྱལ་སྤྱིའི་འཕྲོད་བསྟེན་གྱི་ཐོབ་ཐང་རྡོག་རོལ་བཏང་བ་ཞིག་ཡིན་སྐོར་བརྗོད་འདུག

ཁ་སང་ཕྱི་ཚེས་ ༩ ཉིན་གྱི་ཕྱི་དྲོ་ཙམ་ལ་ཐའེ་པེ་ཡི་སུང་ཧྲན་ (Songshan) གནམ་ཐང་དུ། ཨ་རིའི་འཕྲོད་བསྟེན་ལྷན་ཁང་གི་དྲུང་ཆེ་སྐུ་ཞབས་ཨེ་ལེག་སི་ཨ་ཛར་ (Alex Azar) ལགས་ཀྱི་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་དེ་བདེ་འབྱོར་བྱུང་ཡོད་པ་དང་། ཐའེ་ཝན་གྱི་ཕྱི་སྲིད་བློན་ཆེན་གཞོན་པ་ཐེན་ཁྲུང་ཀི་ཝང་ (Tien Chung-kwang) དང་ཐའེ་ཝན་བཅའ་སྡོད་ཨ་རིའི་དོན་གཅོད་བྷེ་རེན་ཊི་ཁེ་རིས་ཊེན་སེན་ (Brent Christensen) གཉིས་ལ་ཐུག་འཕྲད་གནང་ཡོད་པ་དང་། གསར་འགོད་གསལ་བསྒྲགས་ཤིག་གི་སྐབས་སྐུ་ཞབས་ཨེ་ལེག་སི་ཨ་ཛར་ (Alex Azar) ལགས་ཀྱིས། ང་དང་སྲིད་འཛིན་ཚའེ་ཡེན་ཝུན་གཉིས་ཀྱི་གྲོས་མོལ་དང་ཐེངས་འདིའི་སྐུ་ཚབ་ཚོགས་ཆུང་གི་དགོས་དམིགས་ནི་ཐའེ་ཝན་གྱི་ཏོག་དབྱིབས་ནད་ཡམས་ལ་གདོང་ལེན་ལེགས་འགྲུབ་དང་། ཨ་རི་དང་མཉམ་འབྲེལ་གྱིས་ནད་ཡམས་སྔོན་འགོག་དང་ངོས་འཛིན། གདོང་ལེན་བྱེད་ཕྱོགས་བཅས་ཡིན་སྐོར་དང་། ཐའེ་ཝན་གྱི་ཏོག་དབྱིབས་ནད་ཡམས་ལ་གདོང་ལེན་བྱེད་ཕྱོགས་ལ་བསྔགས་བརྗོད་གནང་ཡོད་འདུགཐེངས་འདིའི་ཨ་རིའི་འཕྲོད་བསྟེན་ལྷན་ཁང་གི་སྐུ་ཚབ་ཚོགས་ཆུང་ཐའེ་ཝན་ནང་གཟིགས་སྐོར་ལ་ཕེབས་དོན་གཙོ་བོ་ནི་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཡར་རྒྱས་དང་འཕྲོད་བསྟེན་གྱི་མཉམ་འབྲེལ་གོང་མཐོར་གཏོང་བ། དེ་བཞིན་རྒྱལ་སྤྱི་སྡིངས་ཆའི་སྟེང་ཐའེ་ཝན་གྱི་ཏོག་དབྱིབས་ནད་ཡམས་ལ་གདོང་ལེན་བྱེད་པའི་ནུས་པར་རྒྱབ་སྐྱོར་བྱ་ཆེད་ཡིན་པ་རེད་ལ། དེ་དང་འབྲེལ་ནས་ཐའེ་ཝན་གྱི་ཕྱི་སྲིད་བློན་ཆེན་རྗོ་སི་ཧྥེ་ཝོ་ (Joseph Wu) ལགས་དང་། འཕྲོད་བསྟེན་དང་བདེ་དོན་བློན་ཆེན་ཁྲིན་ཤི་ཁྲུང་ (Chen Shih-chung) ལགས་བཅས་ལ་ཐུག་འཕྲད་གནང་རྒྱུ། ཐའེ་ཝན་གྱི་དབུས་ནད་ཡམས་འགོག་རྒོལ་ལྟེ་གནས་ཁང་ (The Central Epidemic Command Center) ལ་ཡང་གཟིགས་ཞིབ་བཅས་གནང་གི་ཡོད་པ་མ་ཟད། ཐའེ་ཝན་སྲིད་གཞུང་དང་མཉམ་དུ་ཕྱོགས་གཉིས་དབར་འཕྲོད་བསྟེན་མཉམ་འབྲེལ་གྱི་རྒྱུས་ལོན་གན་ཡིག་ཞིག་ལ་མཚན་རྟགས་རྒྱག་རྒྱུ་ཡིན་འདུག

ཨ་རིའི་འཕྲོད་བསྟེན་སྐུ་ཚབ་ཚོགས་ཆུང་ཐའེ་ཝན་ལ་ཕེབས་པའི་ཐད་ཐའེ་ཝན་སྲིད་འཛིན་ལས་ཁུངས་ཀྱིས། ཨ་རིའི་འཕྲོད་བསྟེན་ལྷན་ཁང་གི་སྐུ་ཚབ་ཐའེ་ཝན་ནང་ཕེབས་པ་དེ་ཡིས་ཕྱོགས་གཉིས་དབར་གདོང་དང་གདོང་ཐུག་ནས་གལ་གནད་ཆེ་བའི་གནད་དོན་ལ་བཀའ་མོལ་གནང་སྟེ་མ་འོངས་པའི་མཉམ་འབྲེལ་ཁ་ཕྱོགས་འཚོལ་བར་གོ་སྐབས་བསྐྲུན་ཡོད་པ་དང་། འདས་པའི་ཟླ་ཤས་རིང་ཕྱོགས་གཉིས་ཀྱིས་སྨན་ཁབ་དང་སྨན་གཞན་ཡར་རྒྱས་གཏོང་བར་མཉམ་འབྲེལ་བྱས་ཡོད་པ་དང་། ཐའེ་ཝན་གྱིས་མུ་མཐུད་མཉམ་འབྲེལ་བྱས་ཏེ་ཕྱོགས་གཉིས་ཀྱི་མི་སེར་དང་འཛམ་གླིང་ཁྱོན་ཡོངས་ལ་འཕྲོད་བསྟེན་གྱི་ཁེ་ཕན་བསྐྲུན་རྒྱུའི་ཆོད་སེམས་ཡོད་སྐོར་བརྗོད་འདུག

ཐེངས་འདིའི་ཨ་རིའི་ཆེས་མཐོ་གཞུང་འབྲེལ་མི་སྣ་ཐའེ་ཝན་ལ་ཕེབས་པ་དེ་ནི། ཕྱི་ལོ་ ༢༠༡༨ ལོའི་ཕྱི་ཟླ་ ༣ པའི་ནང་ཨ་རིའི་གཞུང་གིས་གཏན་འབེབ་ལག་བསྟར་བྱས་པའི་ཐའེ་ཝན་ལ་འགྲུལ་སྐྱོད་ཀྱི་ཁྲིམས་ཡིག་ (Taiwan Travel Act) གི་དགོངས་དོན་གཞིར་བཟུང་ཐག་གཅོས་བྱས་པ་ཞིག་ཡིན་པ་དང་། དེ་ནི་ཕྱི་ལོ་ ༡༩༧༩ ལོར་ཨ་རི་དང་ཐའེ་ཝན་གྱི་ཕྱི་འབྲེལ་སྒོ་བརྒྱབ་རྗེས་ཀྱི་གཞུང་འབྲེལ་སྐོར་སྐྱོད་གནས་རིམ་མཐོ་ཤོས་དེ་ཆགས་ཡོད་པ་རེད།

ད་ལྟ་ཐའེ་ཝན་ནང་ཏོག་དབྱིབས་ནད་ཡམས་དང་འབྲེལ་ནས་རྐྱེན་འདས་སུ་ཕྱིན་པ་ ༧ དང་ནད་ཡམས་ཕོག་པ་གྲངས་ ༤༨༠ ཙམ་ལས་བྱུང་མེད་པས་འཛམ་གླིང་གི་རྒྱལ་ཁབ་གཞན་དང་བསྡུར་ཚེ། ཏོག་དབྱིབས་ནད་ཡམས་ལ་གདོང་ལེན་ཚགས་ཚུད་ཤོས་གྲས་སུ་རྩི་ཡི་ཡོད་ནའང་། རྒྱ་ནག་གཞུང་གིས་གནོན་ཤུགས་སྤྲོད་བཞིན་པ་ལ་བརྟེན་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ཏོག་དབྱིབས་ནད་ཡམས་ལ་གདོང་ལེན་བྱེད་པའི་ནུས་པ་ཤུགས་ཆེར་འདོན་པར་འགོག་རྐྱེན་བཟོ་ཡི་ཡོད་པ་དང་། ཨ་རིའི་ནང་ནད་ཡམས་དེ་ལ་བརྟེན་རྐྱེན་འདས་སུ་ཕྱིན་པའི་གྲངས་འབུམ་ཅིག་དང་ཕྱེད་ལྷག་དང་། ནད་རྟགས་ཐོན་པའི་གྲངས་ས་ཡ་ ༥ ལྷག་བྱུང་སྟེ། ཏོག་དབྱིབས་ནད་ཡམས་འགོས་ཚབས་ཆེ་ཤོས་ཤིག་ཏུ་གྱུར་ཡོད་པ་རེད། ཨ་རིའི་གཞུང་གིས་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་མཆེད་པའི་ནད་ཡམས་དེར་རྒྱ་ནག་དམར་ཤོག་གཞུང་གིས་ཐོག་མ་ཉིད་ནས་གསང་བ་བྱས་སྟབས། འཛམ་གླིང་ཁྱོན་ཡོངས་སུ་ཁྱབ་གདལ་དུ་ཕྱིན་སྟབས་མི་རྒྱུ་གཉིས་ལ་གོད་ཆག་ཆེན་པོ་བྱུང་བ་ཡིན་སྐོར་གྱི་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།

རྒྱ་ནག་གཞུང་གིས་ཐའེ་ཝན་ནི་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་མངའ་ཁོངས་ཤིག་ཡིན་པ་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་འོག་ཕྱིར་མེས་རྒྱལ་གྱི་ཁོངས་སུ་ལོག་ཐབས་སུ་དགོས་གལ་བྱུང་ཚེ་དྲག་ཤུགས་སྤྱོད་རྒྱུ་ཡིན་པའི་འཇིགས་སྐུལ་ཡང་བྱེད་མྱོང་ཡོད་པ་རེད། སྲིད་འཛིན་ཚའེ་ཡེན་ཝུན་གྱིས་ཐའེ་ཝན་ནི་ནམ་ཡང་རྒྱ་ནག་གི་ཆ་ཤས་མིན་པར་ཐའེ་ཝན་ནི་རང་བཙན་གྱི་རྒྱལ་ཁབ་ཞིག་ཡིན་སྐོར་བརྗོད་དེ། ཕྱིའི་བཙན་འཛུལ་དང་རྒྱལ་ཁབ་བདེ་སྲུང་ཡར་རྒྱས་ཆེད། ཨ་རི་ནས་མེ་ཤུགས་འཕུར་མདེལ་སོགས་ཉོས་ཡོད་སྟབས། རྒྱ་ནག་གཞུང་གིས་ཨ་རིས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་རྡོལ་རོལ་བཏང་བའི་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༨/༡༠

Leave a Reply

One thought on “ཨ་རིའི་སྐུ་ཚབ་ཐའེ་ཝན་དུ་འབྱོར།

  1. གཞུང་པ་ཚེ་དབང་བསོད་ནམས་

    ཐེ་ཝན་ནང་ཏོག་དབྱིབས་ནད་པ་བཞི་བརྒྱ་ལྔ་བཅུ་ཙམ་ལས་མེད་པ་དང་མི་བདུན་ལས་འདས་གྲོང་ཕྱིན་མེད་ན་ནད་སྔོན་འགོག་དང་སྨན་བཅོས་སོགས་ག་འདྲ་བྱས་པ་ཡིན་འཛམ་གླིང་མི་མང་ལ་ངོ་སྤྲོད་གནང་ཐུབ་ན་མི་མང་པོ་ལ་ཕན་ཐུབ་ངེས་དང་དེ་མིན་ལས་བསྡོམས་ཙམ་ལས་གང་ཡང་མ་མཐོང་ངོ།