ཕོ་བྲང་པོ་ཏ་ལའི་མཇལ་སྐོར་བར་ཚོད་འཛིན་བྱ་རྒྱུ་ཡིན་ཟེར།

རྒྱ་ནག་གཞུང་གིས་གློ་བུར་དུ་ཏོག་དབྱིབས་རིམས་ནད་སྔོན་འགོག་ཆེད་ཕོ་བྲང་པོ་ཏ་ལའི་མཇལ་བ་དང་ཡུལ་སྐོར་བར་ཚོད་འཛིན་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུགཁ་སང་ཕྱི་ཚེས་ ༩ ཉིན། རྒྱ་ནག་གཞུང་ཕྱོགས་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། འདི་ལོའི་དབྱར་ཁའི་གུང་གསེང་དང་བསྟུན་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་ཡུལ་སྐོར་བ་ཕོན་ཆེན་ཡོང་བཞིན་ཡོད་སྟབས། ཏོག་དབྱིབས་རིམས་ནད་སྔོན་འགོག་དང་ཡུལ་སྐོར་བའི་བདེ་འཇགས་ལ་དམིགས་པ་ཡིན་སྐོར་བརྗོད་དེ། གློ་བུར་དུ་ཕོ་བྲང་པོ་ཏ་ལར་ཉིན་རེར་མཇལ་བ་དང་ལྟ་སྐོར་བ་ ༤༠༠༠ ལས་ཡོང་མི་ཆོག་པའི་ཚོད་འཛིན་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་འདུག་ལ། ཕྱི་ལོ་ ༢༠༡༨ ལོའི་མཇལ་སྐོར་བའི་ཚོད་འཛིན་གྲངས་ཐོ་ཞིག་ཏུ། ཉིན་རེར་ཕོ་བྲང་པོ་ཏ་ལར་མཇལ་སྐོར་བ་ ༧༠༠༠ ནས་ ༨༠༠༠ བར་ཡོང་ཆོག་སྐོར་བརྗོད་འདུག

དེ་འབྲེལ་གནས་ཚུལ་ནང་དབྱར་ཁའི་དུས་ཚུགས་ནང་བོད་ཁུལ་གྱི་གནམ་གཤིས་ཡག་པོ་ཡོད་པས། ལྷ་ས་ཁུལ་དུ་ཡུལ་སྐོར་བ་ཕོན་ཆེན་ཡོང་བཞིན་ཡོད་པས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་དང་། ཕོ་བྲང་པོ་ཏ་ལའི་རིག་དངོས་སྲུང་སྐྱོབ་སོགས་ལ་དམིགས་ནས་ཕོ་ཏ་ལར་ལྟ་སྐོར་ཡོང་མཁན་ལ་ཚོད་འཛིན་བྱ་རྒྱུ་དང་། དུས་ཚོད་གཏན་འཁེལ་གྱིས་ཕོ་བྲང་དུ་དུག་སེལ་རྒྱུན་འཁྱོངས་བྱ་་དང་རྒྱུ། ད་དུང་ཕོ་བྲང་དུ་ལྟ་སྐོར་བྱེད་མཁན་མང་དུ་སོང་ཚེ། གནས་ཚུལ་ལ་གཞིགས་ནས་ཡུལ་སྐོར་བ་ཚོད་འཛིན་སྔར་ལས་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

འདི་ལོའི་ལོ་མགོ་ནས་རྒྱ་ནག་ནས་ཁྱབ་གདལ་ཕྱིན་པའི་ཏོག་དབྱིབས་རིམས་ནད་རྐྱེན་གྱིས། ཕོ་བྲང་པོ་ཏ་ལར་ཡུལ་སྐོར་བ་ཡོང་བའི་ལས་གཞི་མཚམས་བཞག་ཡོད་ན་ཡང་། ཕྱི་ཟླ་༦ ཚེས་ ༣ ཉིན་པོ་ཏ་ལའི་མདུན་ཐང་དུ་རྒྱ་རིགས་ཡུལ་སྐོར་བ་ཧ་ཅང་མང་པོས་ཁ་རས་སོགས་ཏོག་ནད་སྔོན་འགོག་གི་གྲ་སྒྲིག་གང་ཡང་མེད་པའི་ཐོག་ནས་སྒོ་ཕྱེས་ཡོད་པ་དང་། དེའི་རྗེས་གསར་ལམ་ཁག་དང་སྤྱི་ཚོགས་དྲ་ལམ་ཁག་ཏུ་ལྷ་སར་རྒྱ་རིགས་ཡུལ་སྐོར་བ་ཕོན་ཆེན་ཡོང་བཞིན་པའི་གནས་ཚུལ་ཐོན་ཡོད་ཀྱང་། རྒྱ་ནག་གཞུང་ཕྱོགས་ནས་ད་བར་རྒྱལ་ས་ལྷ་ས་ཁུལ་དུ་རྒྱ་རིགས་ཡུལ་སྐོར་བ་ཕོན་ཆེན་ཡོང་བཞིན་པའི་ཐད་ཚོད་འཛིན་སོགས་གང་ཡང་བྱས་མེད་པ་རེད།

རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་ ༦ ནས་རྒྱ་ནག་ནང་ལོགས་ཀྱི་ཏོག་ནད་སྟངས་འཛིན་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་དང་། ལྷ་ས་ཁུལ་གྱི་གྲོང་མིའི་འཚོ་བ་སོགས་རྒྱུན་ལྡན་ཅན་དུ་འགྱུར་བཞིན་ཡོད་པས། རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏ་ལ་གཙོའི་མཇལ་སྐོར་དང་ཡུལ་སྐོར་བའི་ལྟེ་གནས་ཁག་སྒོ་ཕྱེ་རྒྱུ་ཡིན་པའི་བརྡ་ཐོ་བཏང་བར། བོད་ཀྱི་བུད་མེད་རྩོམ་པ་པོ་ཚེ་རིང་འོད་ཟེར་གཙོའི་རྒྱལ་སྤྱིའི་སྟེང་རྒྱ་ནག་གཞུང་གི་བྱེད་ཕྱོགས་དེ་ནི། ཏོག་ནད་སྔོན་འགོག་ཐུབ་ཡོད་པའི་རྣམ་པ་སྟོན་ཆེད། བོད་ནང་གི་ཏོག་དབྱིབས་རིམས་ནད་གནས་ཚུལ་ཐད་འགན་འཁུར་མེད་པའི་བྱ་སྤྱོད་ཡིན་པའི་སྐྱོན་བརྗོད་བྱས་ཡོད་པ་རེད།

བོད་མིའི་སྒྲིག་འཛུགས་ཝུ་ཧན་ཏོག་ནད་ལས་དོན་ཚོགས་ཆུང་གི་གྲངས་ཐོ་ལྟར་ན། བོད་ཁུལ་དུ་ཁྱོན་ནད་པ་གྲངས་ ༡༠༧ བྱུང་ཡོད་པའི་ཁྲོད་བོད་རིགས་གྲངས་ ༦༩ དང་། རྒྱ་རིགས་གཅིག་རྐྱེན་འདས་སུ་ཕྱིན་པ་ལས་གཞན་ཆ་ཚང་དྲག་བསྐྱེད་བྱུང་བ་བཀོད་ཡོད་སྐོར་བརྗོད་ཡོད་ན་ཡང་། འདི་ལོའི་ཕྱི་ཟླ་ ༤ ནང་ནད་ཡམས་དང་འབྲེལ་ནས་བོད་མིའི་སྒྲིགས་འཛུགས་ཀྱི་རྒྱུན་ལྡན་གསར་འགོད་གསལ་བསྒྲགས་ཤིག་གི་སྐབས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། བོད་ཁུལ་གྱི་ནད་པ་ ༡༠༦ ལ་སྨན་བཅོས་བྱས་ནས་དྲག་སྐྱེད་བྱུང་བ་རེད་ཟེར་བ་ནི་ཡོང་མི་སྲིད་པ་ཞིག་རེད། ཅེས་བོད་ཁུལ་གྱི་ནད་པ་ཆ་ཚང་དྲག་བསྐྱེད་བྱུང་སྐོར་ལ་དོགས་སློང་གནང་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༨/༡༠

Leave a Reply