ཉེན་རྟོག་པ་བརྒྱ་ལྷག་གིས་ཧོང་ཀོང་གི་གསར་ཁང་ཞིག་ལ་བཙན་བཤེར་བྱས།

ཧོང་ཀོང་གི་ཕྱུག་བདག་དང་དམངས་གཙོ་དོན་གཉེར་བ་ཇི་མེ་ལཱེ་འཛིན་བཟུང་བྱས་ཏེ་ཁོང་གི་ཀུ་ཤུ་ཉིན་རེའི་ཚགས་པར་ཁང་ལ་ཉེན་རྟོག་པ་བརྒྱ་ལྷག་བཙན་གྱིས་འཛུལ་ཏེ་ཞིབ་བཤེར་བྱས།རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་ཧོང་ཀོང་སྲིད་གཞུང་གིས། ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་དང་གསར་ཁང་ཆེད་གཉེར་བ་ཕྱུག་བདག་ཇི་མེ་ལཱེ་ (Jimmy Lai)ལགས་ཀྱིས། ཕྱིའི་གསང་ལས་དང་ངན་འབྲེལ་བྱས་པའི་ཉེས་མིང་འོག་འཛིན་བཟུང་བཙན་འཁྲིད་བྱས་ཡོད་པ་དང་། དེ་དང་ལྷན་དུ་ཁོའི་བུ་དང་ཁོང་གིས་གཉེར་བཞིན་པའི་ཀུ་ཤུ་ཉིན་རེའི་ཚགས་པར་ཁང་(Apple Daily)གི་དབུས་རྒྱུན་མཐོ་བ་རྣམས་ཀྱང་འཛིན་བཟུང་བྱས་ཡོད་འདུག

ཕྱུག་བདག་ཇི་མེ་ལཱེ་ལགས་ནི་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་གསར་འོག་འཛིན་བཟུང་བྱས་པའི་ཧོང་ཀོང་གི་མི་སྣ་མཐོ་ཤོས་དེ་ཆགས་ཀྱི་ཡོད་པ་དང་། ཁོང་འཛིན་བཟུང་བྱས་པ་དང་ལྷན་དུ། ཉེན་རྟོག་པ་བརྒྱ་ལྷག་ཇི་མེ་ལཱེ་ལགས་ཀྱིས་གཉེར་བཞིན་པའི་ཀུ་ཤུ་ཉིན་རེའི་ཚགས་པར་ཁང་(Apple Daily)ནང་གློ་བུར་དུ་འཛུལ་ཏེ། གསར་ཁང་དེའི་ལས་བྱེད་ཡོངས་གྲལ་སྒྲིག་ཏུ་བཅུག་སྟེ་ཐོབ་ཐང་ལག་འཁྱེར་ལ་ཞིབ་བཤེར་བྱས་ཡོད་པ་མ་ཟད། ལས་ཁུངས་ཀྱི་གློག་ཀླད་ཚང་མའི་ནང་རྟོག་ཞིབ་བྱས་ཡོད་འདུག་ལ། ཧོང་ཀོང་ཉེན་རྟོག་པས་གསར་ཁང་དེར་ཞིབ་བཤེར་བྱེད་ཆོག་པའི་བཀའ་འཁྲོལ་ཡོད་སྐོར་བརྗོད་འདུག

ཧོང་ཀོང་ཉེན་རྟོག་པས་གསར་ཁང་དེར་ཞིབ་བཤེར་དང་ཕྱག་བདག་ཇི་མེ་ལཱེ་ལགས་འཛིན་བཟུང་བྱེད་བཞིན་པའི་ཡུལ་དངོས་དེ་ངོ་དེབ་ནང་ཐད་གཏོང་བྱས་ཡོད་པ་དང་། བདེ་འཇགས་ཁྲིམས་གསར་ལས་དོན་ཁང་གི་བཀོད་འདོམས་པ་རྒན་པ་སི་ཊི་ཝི་ལི་(Steve Li)ཟེར་བས། ང་ཚོས་ད་སྔ་བར་ཞི་བའི་ངང་རྟོག་ཞིབ་བྱས་ཡོད་ལ། ང་ཚོའི་རེ་བའང་གསར་ཁང་འདིའི་ལས་དོན་ལ་འགོག་རྐྱེན་བཟོ་མི་དགོས་པར་རྟོག་ཞིབ་མགྱོགས་པོ་མཇུག་བསྒྲིལ་ཐུབ་པར་འབད་བརྩོན་བྱེད་ཀྱི་ཡོད། ཅེས་དང་། ཁོ་ཚོས་ཁྲིམས་ཁང་གི་བཀའ་ཡིག་འོག་གསར་ཁང་དེའི་གསར་འགྱུར་དང་དེ་འབྲེལ་གྱི་ཡོ་བྱད་རིགས་ལ་རྟོག་ཞིབ་བྱས་རྗེས་ཉེན་རྟོག་པ་ཕྱིར་འཐེན་བྱས་ཡོད་སྐོར་བརྗོད་ཡོད་ཀྱང་། ཁྲིམས་ཁང་གི་བཀའ་འཁྲོལ་དེ་ད་བར་ཕྱིར་བསྟན་མེད་པ་རེད།ཧོང་ཀོང་གི་དམངས་གཙོ་ཚོགས་པས། ད་རེས་ནི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གསར་འོག་ནས་གསར་འགྱུར་ལས་རིགས་ཀྱི་འཐུས་མི་ཞིག་འཛིན་བཟུང་བྱས་པ་ཐོག་མ་ཆགས་ཀྱི་ཡོད། ཉེན་རྟོག་པ་གསར་ཁང་དེའི་ནང་བཙན་གྱིས་འཛུལ་ཏེ། གསར་འགོད་ལས་དོན་གཉེར་བའི་ཚོགས་སྡེ་ཁག་གི་མ་འོངས་པར་གནོན་ཤུགས་ཚབས་ཆེན་བསྐྲུན་ཐབས་བྱས་ཡོད། ད་ལྟ་ཧོང་ཀོང་ནང་གསར་འགོད་རང་དབང་དང་སྨྲ་བརྗོད་རང་དབང་ཉེན་ཁའི་ནང་ལྷུང་ཡོད། ཅེས་བརྗོད་ཡོད་པ་དང་། ཧོང་ཀོང་གཙུག་ལག་སློབ་ཆེན་གྱི་གསར་འགོད་རིག་པའི་སྡེ་ཚན་གྱིས། ཧོང་ཀོང་སྲིད་གཞུང་གིས་གསར་ཁང་ཞིག་གི་ནང་གློ་བུར་རྟོག་ཞིབ་དང་མི་འཛིན་བཟུང་བྱས་པ་གསར་འགོད་རང་ལ་དྲག་གནོན་གྱི་བྱ་སྤྱོད་ཅིག་ཆགས་ཀྱི་ཡོད་སྟབས། ངོ་གནོང་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་པ་མ་ཟད། ང་ཚོས་དེ་སྔོན་ཤེས་པའི་ཧོང་ཀོང་ད་ལྟ་ངོ་མི་ཤེས་པ་ཞིག་ཏུ་འགྱུར་ཡོད། ཅེས་བརྗོད་ཡོད་པ་རེད།

ཕྱུག་བདག་ཇི་མེ་ལཱེ་ལགས་འཛིན་བཟུང་བྱས་པ་ཐོག་མ་མིན་པར་འདས་ལོར་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བའི་ལས་འགུལ་ཁག་དང་ལྷན་དུ་ཁྲིམས་འགལ་གྱི་འདུ་འཛོམས་བྱས་པའི་ཉེས་མིང་འོག་ཁོང་འཛིན་བཟུང་བྱས་ཡོད་པ་དང་། རོའུ་ཊར་གསར་ཁང་གི་བཅར་འདྲི་ཞིག་གི་སྐབས། ཁོང་གིས་རང་ཉིད་ཧོང་ཀོང་དང་ཁ་མི་བྲལ་བར་མུ་མཐུད་ཧོང་ཀོང་གི་དམངས་གཙོ་རྩོད་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད།ཕྱུག་བདག་ཇི་མེ་ལཱེ་ལགས་ནི་ཧོང་ཀོང་གི་དམངས་གཙོའི་འཐབ་རྩོད་ཐོག་ནུས་ཤུགས་འདོན་མཁན་གཙོ་བོ་ཞིག་ཡིན་པ་དང་། ཁོང་གིས་ད་བར་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་རིགས་ལ་རྒྱུ་དངོས་གཉིས་ཀྱི་ཐོག་ནས་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད་པ་དང་། དམིགས་བསལ་ཧོང་ཀོང་གི་དམངས་གཙོ་སྲིད་དོན་ཚོགས་པར་རྒྱབ་སྐྱོར་བྱེད་མཁན་གཙོ་བོ་ཞིག་ཡིན་ལ། ཁོང་ལ་ད་ལྟ་གྷི་བཱོར་ཌ་ནོ་(Giordano)ཚད་ཡོད་ཀུ་སི་ཞེས་གྱོན་ཆས་ཚོང་གཉེར་ཁང་ཞིག་སྟེ། ད་ལྟ་ཧོང་ཀོང་གཙོས་པའི་འཛམ་གླིང་རྒྱལ་ཁབ་ ༣༠ ནང་ཚོང་ལས་ཁང་དེར་ལས་མི་སྟོང་ ༨ དང་ཚོང་ཁང་ ༢༤༠༠ ཡོད་པ་དང་། གཞན་ཡང་ཧོང་ཀོང་ནང་ (Next Digital)ཞེས་གསར་འགྱུར་ལས་རིགས་ཀྱི་བཟོ་གྲྭ་དང་ཀུ་ཤུ་ཉིན་རེའི་ཚགས་པར་ཁང་(Apple Daily)སོགས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༨/༡༠

Leave a Reply