རྒྱ་ནག་གཞུང་གིས་ཨ་རིར་རྒོལ་ལན་སྤྲད།  

ཨ་རིས་ཧོང་ཀོང་གི་གནད་དོན་དང་འབྲེལ་བའི་རྒྱ་གཞུང་གི་དཔོན་རིགས་ ༡༡ ལ་དཔལ་འབྱོར་ཉེས་ཆད་བཅད་པ་དང་རྒྱ་གཞུང་གིས་རྒྱ་ནག་ལ་སྐྱོན་བརྗོད་བྱེད་མཁན་ཨ་རིའི་དཔོན་རིགས་ ༡༡ ལ་དཔལ་འབྱོར་ཉེས་ཆད་བཅད་དེ་རྒོལ་ལན་སྤྲད།ཁ་སང་ཕྱི་ཚེས་ ༡༠ ཉིན་ཨ་རིས་ཧོང་ཀོང་དང་རྒྱ་ནག་གི་མགོ་འཁྲིད་ ༡༡ ལ་དཔལ་འབྱོར་ཉེས་ཆད་བཅད་པ་དང་བསྟུན། རྒྱ་ནག་གིས་ཀྱང་སྐུ་ཞབས་མར་ཁོ་རོ་བྷེའོ་(Marco Rubio) དང་ཊེ་ཌི་ཁུ་རུ་ཛི་(Ted Cruz) གཙོས་པའི་ཨ་རིའི་གྲོས་ཚོགས་འཐུས་མི་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་མགོ་འཁྲིད་བཅས་ཁྱོན་གནད་ཡོད་མི་སྣ་ ༡༡ ལ་དཔལ་འབྱོར་ཉེས་ཆད་བཅད་དེ་རྒོལ་ལན་བསློགས་ཡོད་ཅིང་། ཨ་རི་ལ་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱ་རྒྱུའི་ཐོབ་ཐང་རྩ་བ་ནས་མེད་སྐོར་བརྗོད་འདུག

རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀྲའོ་ལི་ཅན་ (Zhao Lijian) ཟེར་བས་རྒྱུན་ལྡན་གསར་འགོད་གསལ་བསྒྲགས་ཤིག་གི་སྟེང་། རྒྱ་ནག་ངོས་ནས་ཧོང་ཀོང་དང་འབྲེལ་བའི་གནས་ཚུལ་ཐད་བྱ་འགུལ་ཚབས་ཆེན་སྤེལ་མཁན་གྱི་མི་འགའ་ཤས་ལ་དཔལ་འབྱོར་ཉེས་ཆད་བཅད་ཡོད། ཨ་རིས་རྒྱ་ནག་ལ་ཉེས་ཆད་བཅད་པ་དག་ནི་ཧོང་ཀོང་གི་གནད་དོན་དང་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱས་པ་ཞིག་ཡིན་ཞིང་། རྒྱ་ནག་ངོས་ནས་ནམ་ཡང་དེར་ངོ་རྒོལ་དང་སྐྱོན་བརྗོད་བྱ་རྒྱུ་ཡིན། ཞེས་དང་། ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་ཁྲིམས་ཡིག་དེ་མི་ཉུང་ཤས་ཙམ་ལ་དམིགས་པ་ཞིག་ཡིན་ཞིང་། དེས་ཧོང་ཀོང་མི་མང་སྤྱི་བྱིངས་ཀྱི་ཁེ་ཕན་སྲུང་སྐྱོབ་བྱེད་ཀྱི་ཡོད་ལུགས་བརྗོད་དེ། འཕྲལ་དུ་ཉེས་ཆད་ལག་བསྟར་བྱ་རྒྱུ་ཡིན་སྐོར་ཙམ་ལས་ཇི་ལྟར་ལག་བསྟར་བྱ་རྒྱུ་སོགས་ཀྱི་གནས་ཚུལ་ཁ་གསལ་བརྗོད་མི་འདུགད་ཐེངས་རྒྱ་ནག་གི་རྒོལ་ལན་ཉེས་ཆད་གཅོད་ཡུལ་ནང་། ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་རྒན་གྲས་སྐུ་ཞབས་མར་ཁོ་རོ་བྷེའོ་དང་། ཊེ་ཌི་ཁུ་རུ་ཛི། ཊོམ་ཀོ་ཊོན་ (Tom Cotton)། ཇོ་ཤི་ཧའོ་ལེ་ (Josh Hawley)། པེ་ཊི་ཊུ་མེ་ (Pat Toomey)། (Chris Smith) བཅས་དང་། དེ་བཞིན་ཨ་རིའི་རྒྱལ་ཡོངས་དམངས་གཙོ་གོང་སྤེལ་བསྟི་གནས་ཁང་ (National Endowment for Democracy) གི་འགན་འཛིན་ཁཱལ་གྷེར་ཤི་མན་ (Carl Gershman) དང་། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གི་འགན་འཛིན་ཁེན་ནེ་ཐུ་རོ་ཐུ་ (Kenneth Roth)། རང་དབང་ཁང་པའི་འགན་འཛིན་མེ་ཁལ་ཨ་བྷར་མོ་ཝི་ཛི་(Michael J. Abramowitz)། རྒྱལ་ཡོངས་དམངས་གཙོ་ལྟེ་གནས་ཁང་གི་འགན་འཛིན་ཌེ་རེག་མིཌ་ཤེལ་ (Derek Mitchell)། ཨ་རིའི་ International Republican Institute གི་འགན་འཛིན་ཌེ་ཉིལ་ཊི་ཝི་ནིང་ (Daniel Twining) བཅས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༨ ཉིན་ཨ་རིའི་ནོར་དོན་ལྷན་ཁང་གིས་སྲིད་འཛིན་ཊོམ་ཕུའི་བཀའ་རྒྱ་ལྟར། ཧོང་ཀོང་ནང་རྒྱ་ནག་གཞུང་གིས་གཏན་འབེབ་བྱས་པའི་རྒྱལ་ཁབ་བདེ་འཇགས་ཁྲིམས་ཡིག་དངོས་སུ་ལག་བསྟར་བྱས་པའམ། དེར་སྐུལ་འདེད་བྱས་པའི་ངོས་འཛིན་ཐོག ཧོང་ཀོང་གི་སྤྱི་ཁྱབ་ཁེ་རི་ལེམ་དང་རྒྱ་ནག་གི་ཧོང་ཀོང་འཐུས་ཚབ་ལུའོ་ཧུ་ནིན་ (Luo Huining) གྱི་གཙོས་པའི་ཧོང་ཀོང་དང་རྒྱ་ནག་གི་གནད་ཡོད་དཔོན་རིགས་ ༡༡ ལ་དཔལ་འབྱོར་ཉེས་ཆད་བཅད་ཡོད་པ་རེད།ཟླ་སྔོན་མར་རྒྱ་ནག་གཞུང་གིས། སྐུ་ཞབས་རོ་བྷེའོ་དང་ཊེ་ཌི་ཁུ་རུ་ཛི་གཙོས་པའི་ཨ་རིའི་གནད་ཡོད་མགོ་འཁྲིད་སྐོར་ཞིག་གིས་ཡུ་གུར་མི་མང་ལ་རྒྱབ་སྐྱོར་གྱི་གཏམ་བཤད་དང་། རྒྱ་ནག་གི་དྲག་པོའི་སྲིད་བྱུས་ལ་སྐྱོན་བརྗོད་བྱས་པ་མ་ཟད་ཡུ་གུར་སྐོར་གྱི་ཁྲིམས་ཡིག་གཏན་འབེབ་བྱས་པའི་རྐྱེན་གྱིས། ཁོང་ཚོར་དཔལ་འབྱོར་ཉེས་ཆད་བཅད་ཡོད་པ་རེད། ཨ་རིས་ཀྱང་རྒྱ་ནག་གི་གནད་ཡོད་མགོ་འཁྲིད་དང་། ལྷག་པར་དུ་ཤར་ཊུར་ཀི་སི་ཐན་ནང་གི་ཡུ་གུར་མི་རིགས་ཐོག་དྲག་གནོན་གྱི་སྲིད་བྱུས་སྤེལ་མཁན་གྱི་དམར་ཤོག་མགོ་འཁྲིད་སྐོར་ཞིག་ལ་དཔལ་འབྱོར་ཉེས་ཆད་བཅད་དེ། ཁོ་ཚོར་དབང་པའི་ཨ་རིའི་ནང་གི་ས་ཁང་སོགས་རྒྱུ་དངོས་རིགས་གཞུང་བཞེས་དང་། ཨ་རིའི་དངུལ་ཁང་དག་གིས་ཁོ་ཚོ་དང་ཚོང་འབྲེལ་མི་ཆོག་པའི་བཀའ་ཁྱབ་ཀྱང་བཏང་ཡོད་པ་རེད།ཁ་སང་ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་ཉེན་རྟོག་པས། རྒྱལ་ཁབ་བདེ་འཇགས་ཁྲིམས་གསར་ལྟར་ཕྱིའི་རྒྱལ་ཁབ་དང་ངན་འབྲེལ་བྱས་པ་དང་། རྒྱལ་ཁབ་ལ་གྱེན་ལོག་བྱས་པའི་དོགས་གཞིའི་འོག དུས་རྒྱུན་རྒྱ་ནག་གཞུང་གི་སྲིད་བྱུས་ལ་དགག་རྒྱག་གི་གནས་ཚུལ་དང་རྩོམ་ཡིག་སྤེལ་སའི་གསར་ཁང་རྙིང་གྲས་ཀུ་ཤུ་ཉིན་རེའི་ཚགས་པར་ (Apple Dialy) གསར་འཛུགས་བྱེད་མཁན་དང་། ཧོང་ཀོང་གི་ཤུགས་རྐྱེན་ཆེ་བའི་དམངས་གཙོའི་ལས་འགུལ་བ་རྒན་གྲས་ཕྱུག་བདག་ཇི་མེ་ལའེ་ (Jimmy Lai) གཙོ་བོར་བྱས་ཏེ། ཁོང་གི་བུ་གཉིས་དང་ཀུ་ཤུ་ཉིན་རེའི་ཚགས་པར་ཁང་གི་འགན་འཛིན་གཉིས་དང་གཞན་མི་གཉིས་འཛིན་བཟུང་བྱས་པ་མ་ཟད། ཀུ་ཤུ་ཉིན་རེའི་ཚགས་པར་ཁང་ནང་ཉེན་རྟོག་པ་ ༢༠༠ ལྷག་གིས་ཞིབ་བཤེར་བྱས་ཡོད་པ་རེད། དེ་བཞིན་ཁ་སང་ཉིན་གུང་ཙམ་ལ་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་གཙོ་གྲས་ན་གཞོན་བུད་མེད་ཨག་ནེ་སི་ཆའོ་(Agnes Chow) ཡང་འཛིན་བཟུང་བྱས་ཡོད་འདུག ཐེངས་འདིའི་འཛིན་བཟུང་གནས་ཚུལ་དེར་རྒྱལ་སྤྱིའི་ཚོགས་སྡེ་མང་པོས་སྐྱོན་བརྗོད་དང་སྦྲགས། པེ་ཅིན་གཞུང་གིས་ཧོང་ཀོང་གི་གསར་འགོད་རང་དབང་བཅོམ་བརླག་གཏོང་མགོ་བརྩམས་ཡོད་པ་མ་ཟད། དམངས་གཙོའི་ལས་འགུལ་བར་དྲག་གནོན་དང་འཇིགས་སྐུལ་བྱ་རྒྱུའི་རྩ་འཛུགས་རང་བཞིན་ལས་འགུལ་མགོ་བརྩམས་ཡོད་སྐོར་རྗོད་ཀྱིན་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༨/༡༡

Leave a Reply

2 thoughts on “ རྒྱ་ནག་གཞུང་གིས་ཨ་རིར་རྒོལ་ལན་སྤྲད།  

  1. བསོད་ནམས་རྒྱལ་མཚན།

    😂 😂 😂 😂 😂 😂 😂 😂 😂 😅 དགོད་བྲོ་བའི་འཇིག་རྟེན། ཉེས་ཆད་ཕར་བཀལ་ ཚུར་བཀལ། 👉🏼 👈🏼 ཚེ་འདི་སྣང་བྱ་བ་ཆུ་གཉེར་འདྲ། གཅིག་འདས་རྗེས་གཅིག་གིས་མནན་ནས་འོང་། 👌

  2. ཨ་རི་ཚང་གི་མི་རེ་ངོ་རེའི་མིང་བོད་ཡིག་དང་ལས་གནས་བཅས་གསལ་བརྗོད། དེ་ལས་ལྡོག་སྟེ་རྒྱ་ནག་སྐོར་དེ་བཀོད་སྟངས་ཧ་ཧ་ཧ་