མུ་རུའི་གཏེར་ཁ་སྔོག་མཁན་ཚོར་ཐག་གཅོད་བྱས་ཡོད་ཟེར།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིབ་བཤེར་བྱས་པ་བརྒྱུད་བོད་བོང་སྟག་མུ་རུའི་རྩྭ་ཐང་ནས་རྡོ་སོལ་གཏེར་ཁ་སྔོག་མཁན་ཞིན་ཆིན་གཏེར་ལས་ཚོང་གཉེར་ཁང་གི་མགོ་གཙོ་མཱ་ཧྲོ་ཝེ་འཛིན་བཟུང་དང་འབྲེལ་ཡོད་མགོ་འཁྲིད་ལྔ་ལ་ཉེས་ཆད་གཅོད་རྒྱུ་ཡིན་ལུགས་བསྒྲགས་འདུགཟླ་འདིའི་ཕྱི་ཚེས་ ༡༠ ཉིན། རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉིན་ཤས་སྔོན་མཚོ་སྔོན་ཞིང་ཆེན་བོང་སྟག་མུ་རུའི་རྩྭ་ཐང་དུ་རྒྱ་ནག་གི་ཞིན་ཆིན་(兴青)ཟེར་བའི་གཏེར་ལས་ཚོང་གཉེར་ཁང་ཞིག་གིས། ཁྲིམས་འགལ་ངང་མུ་མཐུད་གཏེར་ཁ་སྔོག་འདོན་བྱེད་མཁན་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་ལྟར། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་སྲིད་གཞུང་གིས་གཏེར་ལས་སྔོག་འདོན་ཐད་བརྟག་ཞིབ་བྱས་ཏེ། ཞིན་ཆིན་གྱི་མགོ་གཙོ་དང་མཚོ་སྔོན་ཞིང་ཆེན་གྱི་ཕྱུག་བདག་ཆེ་ཤོས་མཱ་ཧྲོ་ཝེ་(Ma Shaowei)འཛིན་བཟུང་བཙོན་འཇུག་དང་། ཁོ་དང་མཉམ་དུ་མཚོ་ནུབ་ཁུལ་གྱི་མགོ་འཁྲིད་ ༥ ལས་གནས་ནས་གཡུག་སྟེ་ཞིབ་བཤེར་བྱ་རྒྱུ་ཡིན་འདུག

དེ་འབྲེལ་གནས་ཚུལ་སྐོར་ལ་མཚོ་སྔོན་ཞིང་ཆེན་གཞུང་ཕྱོགས་ནས་སྤེལ་བའི་བརྡ་ཁྱབ་ནང་། ཁྲིམས་འགལ་གཏེར་ལས་སྔོག་འདོན་ཐད། མཚོ་སྔོན་ཞིང་ཆེན་ཉེན་རྟོག་ཁང་དང་སྒྲིག་ཁྲིམས་ལྟ་ཞིབ་ལས་ཁུངས་གཉིས་ཀྱིས་ས་གནས་ས་ཐོག་ཏུ་དངོས་སུ་ཞིབ་བཤེར་བྱས་པ་བརྒྱུད། ཞིན་ཆིན་གྱིས་ཁྲིམས་འགལ་རྡོ་སོལ་སྔོག་འདོན་བྱས་ཡོད་པ་མ་ཟད་འབྲེལ་ཡོད་མགོ་འཁྲིད་ལ་ལྐོག་ཟ་རུལ་སུངས་ཀྱི་དོགས་གཞི་ཡོད་པས། མཚོ་ནུབ་ཁུལ་གྱི་ཁུལ་དཔོན་གཞོན་པ་དང་ཚྭ་འདམ་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་ཁུལ་གྱི་མགོ་གཙོ་གཞོན་པ་ལེའང་ཡན་གོ(梁彦国)དང་།  ཚྭ་འདམ་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་ཁུལ་གྱི་དམར་ཤོག་ཚོགས་པའི་རྒྱུན་ལས་དང་། མུ་རུའི་རྡོ་སོལ་དོ་དམ་ལས་ཁུངས་ཀྱི་མགོ་གཙོ་ལི་ཡུང་ཕིང་(李永平)གཉིས་ལས་གནས་ནས་གཡུག་རྒྱུའི་ཐག་གཅོད་བྱུང་ཡོད་སྐོར་བསྒྲགས་འདུགགཞུང་འབྲེལ་གྱི་གནས་ཚུལ་དེའི་ནང་། ཁྲིམས་འགལ་གཏེར་ལས་སྔོག་འདོན་དང་འབྲེལ་བའི་མཚོ་ནུབ་ཁུལ་གྱི་འབྲེལ་ཡོད་ལྟ་སྐུལ་དོ་དམ་སྡེ་ཚན་དང་། ཐེམ་ཆེན་རྫོང་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱི་ནོར་འཁྲུལ་དང་འགན་འཁྲི་ཤོར་བའི་མགོ་འཁྲིད་གསུམ་ལ། མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་ཞིབ་བཤེར་བྱས་པ་བརྒྱུད་ཐག་གཅོད་བྱ་རྒྱུ་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་མགོ་གཙོ་ཐེང་ཅ་ཚའེ་ཟེར་བ་ཞིག་གིས། ཞིན་ཆིན་ལ་ཁྲིམས་འགལ་གཏེར་ལས་སྔོག་འདོན་བྱེད་པར་རྒྱབ་རོགས་ཀྱི་དཔོན་ཚོང་ངན་འབྲེལ་དང་། དབང་དངུལ་བརྗེ་རེས། ཁེ་ཕན་སྐྱེལ་གཏོང་སོགས་ཀྱི་གནད་དོན་ཡོད་པ་ཤེས་ཚེ། མི་སུ་དང་རིམ་པ་གང་ཞིག་དང་འབྲེལ་བ་ཡོད་མེད་ལ་མི་ལྟ་བར་རྩད་གཅོད་མཐིལ་ཕྱིན་བྱས་ཏེ། ཐག་གཅོད་བྱ་རྒྱུ་ལས་རྒྱ་ཡན་དུ་གཏན་ནས་གཏོང་མི་སྲིད་སྐོར་བརྗོད་འདུག

རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༩ ལོའི་ཕྱི་ཟླ་ ༡ ནང་མུ་རུའི་རྩྭ་ཐང་ནས་གཏེར་ཁ་སྔོག་འདོན་བྱེད་མཁན་ཚོས་གཞུང་འབྲེལ་ཆོག་མཆན་ཡིག་ཆ་རྫུན་མ་ཞིག་བེད་སྤྱོད་བཏང་སྟེ། ལོ་ངོ་བཅུ་ཕྲག་འགར་རྡོ་སོལ་སྔོག་འདོན་བྱས་པའི་ནག་ཉེས་འོག་གཏེར་ལས་ཚོང་གཉེར་ཁང་དང་། གཏེར་ཁུངས་སུ་རྡོ་སོལ་སྔོག་འདོན་ཆོག་པའི་གཞུང་འབྲེལ་ཡིག་ཆ་རྫུན་མ་བཟོ་མཁན་མཚོ་སྔོན་ཚོང་དོན་ཐིན་གྱི་འགན་འཛིན་ཝང་ཞི་ཧེ་ (王熙惠)ཟེར་བ་བཅས་འཛིན་བཟུང་བྱས་ཏེ་ཐག་གཅོད་བྱས་ཡོད་པའི་གནས་ཚུལ་བསྒྲགས་ཡོད་ཀྱང་། འདི་ལོ་བསྐྱར་དུ་ཐང་ཞིན་ཆིན་གཏེར་ལས་ཚོང་གཉེར་ཁང་གིས་ཁྲིམས་འགལ་ངང་གཏེར་ཁ་སྔོག་བཞིན་པ་ཤེས་རྟོགས་བྱུང་ཡོད་པ་མ་ཟད། ད་ལྟའི་བར་ཞིན་ཆིན་ཟེར་བ་དེས་རྡོ་སོལ་ཏུན་ཁྲི་ ༢༥༠༠ ལྷག་སྔོག་འདོན་བྱས་ཏེ་ཁེ་སྤོགས་རྒྱ་སྒོར་དུང་ཕྱུར་ ༡༠༠ ལས་བརྒལ་བ་བླངས་ཡོད་འདུགརྒྱ་ནག་དཔལ་འབྱོར་དཔྱད་གཞི་ཚགས་པར་གྱི་གནས་ཚུལ་ནང་། མཚོ་སྔོན་ཞིང་ཆེན་འབྲེལ་ཡོད་སྡེ་ཁག་གིས་ཕྱི་ལོ་ ༢༠༡༤ ལོ་ནས་མུ་རུའི་གཏེར་ཁ་ནས་རྡོ་སོལ་སྔོག་འདོན་བྱེད་མི་ཆོག་པའི་ཐག་གཅོད་བྱས་ཡོད་ཀྱང་།  ཞིན་ཆིན་གཏེར་ལས་ཚོང་གཉེར་ཁང་ཟེར་བ་དེས་ཡུལ་དེའི་སྐྱེ་ཁམས་སླར་གསོ་ལ་ཁ་གཡར་ཏེ།  ཉིན་མོར་གཏེར་ཁུངས་ཀྱི་སྙིགས་རོ་གཙང་བཟོ་བྱས་ཏེ། མཚན་མོར་གསང་བའི་ཐོག་ནས་རྡོ་སོལ་སྔོག་འདོན་བྱེད་བཞིན་ཡོད་པ་དང་། སྐབས་དེར་གཏེར་ཁུལ་གྱི་ལས་མི་ཞིག་གིས་འགྲེལ་བརྗོད་བྱས་པ་ལྟར་ན། གཏེར་ལས་ཁང་དེས་ཉིན་མཚན་བརྗེས་ནས་རྡོ་སོལ་སྔོག་འདོན་བྱེད་བཞིན་ཡོད་པ་དང་། ཞིང་ཆེན་དང་ས་གནས་མགོ་ཁྲིད་ས་གནས་དེར་ལྟ་སྐོར་ལ་ཡོང་སྐབས་སྔོན་ཚུད་ནས་བརྡ་རྒྱག་གི་ཡོད་པས། སྔ་མོ་ནས་གཏེར་ཁུལ་ལ་གཙང་བཟོ་དང་སྙིགས་རོ་སོགས་ཤུལ་མེད་བཟོས་ཏེ་དངོས་ལྗང་མདོག་ཅན་ཏུ་བསྒྱུར་བ་དང་། གཏེར་ཁ་སྔོག་འདོན་འཕྲུལ་ཆས་ཀྱིས་རྡོ་སོལ་གཏེར་ཁོངས་ངོ་མ་དེར་འགྲོ་བའི་ལམ་ཀ་བཀག་ནས་མཐོང་བཅུག་གི་མེད་པ་རེད། ཅེས་བརྗོད་ཡོད་པ་རེད།

ཕྱི་ལོ་ ༡༩༥༩ ནས་རྒྱ་ནག་གཞུང་གིས་བོང་སྟག་མུ་རུའི་རྩྭ་ཐང་དུ་རྡོ་སོལ་བརྐོ་མགོ་བརྩམས་ཤིང་། ཕྱི་ལོ་ ༡༩༨༠ ནང་ཙམ་ནས་བརྐོ་མཚམས་བཞག་ཡོད་འདུག ཕྱི་ལོ་ ༢༠༠༡ ཡས་མས་ནས་ཧོང་ཀོང་གི་ཧྭ་ལིས་ཞེས་པའི་གཏེར་རྐོ་ཁེ་ལས་ཁང་ཞིག་གིས་མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་ནས་མུ་རུའི་གཏེར་ཁ་བརྐོ་ཆོག་པའི་ཐོབ་ཐང་ཡི་གེ་ཟེར་བ་ཞིག་བླངས་ཏེ། ཡི་གེ་དེ་ཞིན་ཆིན་དང་ཅིན་ཐུའུ་ཏི་ཞེས་པའི་རྡོ་སོལ་ཁེ་ལས་ཁང་གཞན་གཉིས་ལ་བཙོངས་ཡོད་འདུག ཕྱི་ལོ་ ༢༠༠༥ ཡས་མས་སུ་ཁེ་ལས་ཁང་དེ་གཉིས་བར་གཏེར་ཁ་སྔོག་འདོན་གྱི་དབང་ཆའི་ཐད་ནས་རྙོག་དྲ་བྱུང་ཡོད་སྟབས། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་གྱིས་ཡིག་ཆ་ཨང་ ༢༩༦ ཅེས་པ་ཞིག་བཏོན་ཏེ། ཞིན་ཆིན་ཁེ་ལས་ཁང་གཅིག་པུར་མུ་རུའི་གཏེར་ཁ་བརྐོ་ཆོག་པའི་ཆོག་མཆན་སྤྲད་དེ་ལོ་ངོ་ ༡༠ ཙམ་རིང་གཏེར་ཁ་བསྔོགས་ཡོད་འདུག ས་ཁུལ་དེ་དག་ནི་མཚོ་སྔོན་པོ་དང་རྨ་ཆུ་སོགས་དང་འབྲེལ་བ་ཡོད་པས། གཏེར་ལས་ཤུགས་ཆེན་བྱས་པས་རང་བྱུང་སྐྱེ་ཁམས་མ་ལག་ལ་གཏོར་བརླག་ཐེབས་པ་མ་ཟད། བསྐྱར་སྐྱེ་མི་ཐུབ་པའི་ཐོན་ཁུངས་ལའང་གཏོར་བརླག་ཐེབས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

མུ་རུའི་རྩྭ་ཐང་ན་ཉིན་མཚན་བརྗེས་ནས་གཏེར་ཁ་སྔོག་གི་འདུག

གཞུང་འབྲེལ་ཡིག་ཆ་རྫུན་མ་སྤྲད་དེ་བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་བཟོ་རུ་བཅུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༨/༡༡

Leave a Reply