རྒྱ་གཞུང་གིས་བོད་མིའི་ས་ཐོ་ལག་འཛིན་ཕྱིར་བསྡུ་ཡི་འདུག

རྒྱ་ནག་གཞུང་གིས་བོད་མཚོ་སྔོན་ཕྱོགས་སུ་རྩྭ་ཐང་སྲུང་སྐྱོབ་ལ་ཁ་གཡར་ནས་ཞིང་འབྲོག་མང་ཚོགས་ཀྱི་རྩྭ་སའི་བདག་དབང་གི་དཔང་ཡིག་ས་ཐོ་ལག་འཛིན་ཕྱིར་བསྡུ་བྱེད་བཞིན་ཡོད་འདུག

འདི་གའི་གསར་འགོད་པར་བོད་ནས་འབྱོར་བའི་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་གྱི་རྫོང་ཁག་སོ་སོའི་ས་གནས་སྲིད་གཞུང་གིས་མི་མང་བསྡུ་སྐོང་བྱས་ཏེ། རྩྭ་སའི་སྐོར་གྱི་ཚོགས་འདུ་ཟེར་བ་ཞིག་ཚོགས་ཏེ་རྩྭ་སའི་བདག་དབང་སྐོར་ཀྱི་ལམ་སྟོན་དང་ས་འཛིན་ལག་དེབ་ཟེར་བའི་ཤོག་གྲངས་ ༡༧ ཅན་གྱི་ཡིག་ཆ་ཞིག་ཁྱབ་བསྒྲགས་བྱས་ཏེ། མང་ཚོགས་ཀྱི་ས་ཐོ་ལག་དེབ་ཚང་མ་གཞུང་བཞེས་བཏང་སྟེ་རྩྭ་སའི་བདག་དབང་ཕྱིར་བསྡུ་བྱེད་བཞིན་ཡོད་པ་དང། ས་གནས་སོ་སོའི་ཚོགས་འདུ་རྣམས་གྲོལ་རྗེས་ས་གནས་སྲིད་གཞུང་གིས་རུ་ཁག་སོ་སོའི་ནང་མང་ཚོགས་རྣམས་ལ་རླངས་འཁོར་འགྲོ་སྐྱོད་ཆེད་ལམ་ག་དོད་དུ་འཇུག་བཞིན་ཡོད་པ་དང་། མང་ཚོགས་ཀྱི་ལས་ཀ་དེ་ཚར་ན་སྲིད་གཞུང་གིས་ལས་མི་ཆེད་དུ་བཏང་ནས་གཞུང་ལམ་བཟོ་འཆར་ཡོད་སྐོར་བརྗོད་བྱུང་།

ས་གནས་འབྲེལ་ཡོད་ཀྱིས་བརྗོད་ན། དེ་སྔོན་རྒྱ་ནག་གཞུང་གིས་བོད་མི་ཚོ་ལ་སོ་སོའི་རྩྭ་སའི་བདག་དབང་དེ་བོད་མི་རང་ཉིད་ལ་ཡོད་པ་དང་། ལོ་ངོ་ ༥༠ རིང་རྩྭ་སའི་བདག་དབང་ལ་སུ་གཅིག་གིས་ཐེ་བྱུས་བྱེད་མི་ཆོག་པའི་དབང་ཆ་སྤྲད་ཡོད་ཀྱང་། ད་ལོ་ནས་ས་ཐོ་ལག་དེབ་དེ་རྒྱ་ནག་གཞུང་གིས་ཕྱིར་བསྡུ་བྱེད་བཞིན་པར་བརྟེན། ས་གནས་བོད་མི་ཚོར་སེམས་འཚབ་ཆེན་པོ་ཡོང་གི་ཡོད་འདུག

རྩྭ་སའི་སྐོར་གྱི་ཚོགས་འདུ་ཟེར་བའི་སྟེང་བཀྲམས་པའི་ཡིག་ཆའི་ནང་། འདས་པའི་ལོ་བཅུའི་ནང་ཏུ་འབྲོག་ཁྱིམ་ཁྲི་ ༡༥ ལྷག་དབུ་སྒྲོལ་བྱས་ཡོད་ལུགས་དང་། འདས་པའི་ལོ་མང་རིང་ས་གནས་གང་སར་ཡོད་པའི་འབྲོག་པ་ཚོ་ལ་མཚོན་ན་ཧ་ཅང་གིས་དཀའ་ཚེགས་ཆེན་པོ་དང་། ལོ་རེར་གངས་སྐྱོན་ཧ་ཅང་ཆེན་པོ་བྱུང་ནས་ས་གནས་འབྲོག་པ་མང་པོར་ཟ་འབྲུ་སོགས་མེད་པའི་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་བཞིན་ཡོད་པ་མ་ཟད། བུ་ཕྲུག་སློབ་གྲྭར་གཏོང་མ་ཐུབ་པར་ས་གནས་གྲོང་ཁྱེར་ཁག་གི་ནང་ཏུ་སློང་མོ་རྒྱག་མཁན་དང་། ཟ་ཁང་སོགས་ཀྱི་ནང་ཏུ་གད་ཕྱི་བྱེད་མཁན་ལོ་རེར་ལྡབ་ ༦ ཙམ་ཀྱིས་མང་རུ་འགྲོ་ཡི་ཡོད་ན་ཡང་། དེ་དག་གིས་མ་འོངས་བའི་མདུན་ལམ་དང་ཁྱིམ་ཚང་གི་འཚོ་རྟེན་སོགས་ཀྱི་སྐོར་ལ་རྫོང་དང་ཞིང་ཆེན་རིམ་པའི་གྲོས་མོལ་དང་ཚོགས་ཆེན་བརྒྱུད། ཕྱི་ལོ་ ༢༠༡༡ ལོ་ནས་ས་གནས་ཞིང་ཆེན་དང་རྫོང་རིམ་པ་ཁག་གིས་འབྲོག་པའི་ས་གནས་གང་སར་དབུལ་སྒྲོལ་ལས་གཞི་སྤེལ་ཡོད་སྐོར་བརྗོད་ཡོད་འདུག

ཡང་ཡིག་ཆ་དེའི་ནང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་རླབས་ཆེན་དབུ་སྒྲོལ་ལས་གཞི་ཟེར་བ་ལག་བསྟར་བྱས་པ་ནས་བཟུང་། འབྲོག་པ་མང་ཚོགས་ལ་དམིགས་བསལ་སྡོད་ཁང་དང་མཐུན་སྦྱོར་རོགས་རམ། བུ་ཕྲུག་རིན་མེད་ཀྱིས་སློབ་མཐར་མ་ཕྱིན་བར་ཏུ་གཞུང་གིས་རོགས་རམ་དང་། ཁྱིམ་ཚང་ཁག་ལ་ལོ་གཅིག་གི་དུས་བཞི་ལ་ཟ་འབྲུ་དང་སྨན། ཟླ་གླ་སོགས་ཆ་ཚང་སྤྲོད་བཞིན་ཡོད་ལུགས་དང་། དེ་དག་རྒྱལ་ཁབ་ཀྱི་བཀའ་དྲིན་ཡིན་པ་མ་ཤི་བར་ཏུ་སེམས་ལ་འཛིན་དགོས་པ་དེ་ལས་འགན་ཆེན་པོ་ཡིན་པ་དང་། ད་ལྟ་འབྲོག་པ་ཚོ་དབུལ་སྒྲོལ་བྱས་ཡོད་པས་ས་ཆའི་བདག་དབང་དེ་རྒྱལ་ཁབ་ལ་དབང་གི་ཡོད་སྟབས།  ད་ལོ་ནས་ས་ཆའི་ལག་འཛིན་ས་གནས་ལས་ཁུངས་བརྒྱུད་ནས་གཞུང་ལ་རྩིས་སྤྲོད་དགོས་སྐོར་བརྗོད་ཡོད་འདུག

ཉེ་སྔོན་ས་གནས་སུ་བསྡུས་པའི་ཚོགས་འདུའི་ཐོག་ཁ་པར་དང་པར་ལེན་འཕྲུལ་ཆས་གང་ཡང་ཁུར་མཆོག་གི་མེད་པ་མ་ཟད། ཚོགས་འདུ་གྲོལ་བའི་རྗེས་སུ་མི་རེར་ཞིབ་བཤེར་དང་ཐོ་འགོད་བྱས་ཏེ། རྩྭ་སའི་ཐོ་འཛིན་ཕྱིར་བསྡུ་བྱས་པར་མོས་མཐུན་ཡོད་པའི་མིང་རྟགས་བརྒྱབ་ཏུ་བཅུག་ཡོད་པ་དང་། བོད་མི་ཚོས་ཐེངས་འདིའི་ལས་གཞི་དེ་དང་འབྲེལ་ནས་རྩྭ་ས་དེ་དག་ནི་ཁོ་ཚོར་ཕ་ཚེ་བུའི་རིང་ལ་དབང་གི་ཡོད་པ་རྣམས་གཞུང་བཞེས་བཏང་བ་ཡིན་ན་ཁོ་ཚོར་གང་ཡང་ལྷག་གི་མེད་པ་མ་ཟད། ད་ལྟ་དོན་དངོས་བཤད་ན་གཞུང་གི་རོགས་སྐྱོར་དེ་དག་དངོས་ཡོད་ཕན་ཐོགས་གང་ཡང་མེད་པ་མ་ཟད། སྔོན་མ་ཡིན་ན་བུ་ཕྲུག་ཚོས་སློབ་གྲྭ་ཁུངས་མ་འཁྱོལ་བ་ཡིན་ན་འབྲོག་ལས་བྱས་ཆོག་ཀྱང་། སེམས་ཅན་དང་རྩྭ་ས་མེད་སོང་བ་ཡིན་ན་བུ་ཕྲུག་ཚོར་ལས་ཀ་གང་ཡང་ལྷག་མེད་པ་དང་། ཆང་ཁང་དང་ཞབས་བྲོ་ཁང་སོགས་ལ་བཏང་ནས་ལས་ཀ་གཉེར་ན་བུ་ཕྲུག་རྣམས་འཕྲོ་བརླག་ཏུ་འགྲོ་བར་སེམས་ཁུར་བྱེད་ཀྱི་ཡོད་འདུག

འདི་གའི་གསར་འགོད་པས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་སུ་གནད་དོན་དེའི་སྐོར་དྲིས་པར་ཁོང་གིས། ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་མཚོ་སྔོན་ཕྱོགས་སུ་རྩྭ་དཔོན་ལམ་ལུགས་དང་ཆུ་དཔོན་ལམ་ལུགས། ཕྱུགས་སྐྱུར་རྩ་འདེམས་ལམ་ལུགས་སོགས་འབྲོག་པའི་རྩྭ་ཐང་དང་འབྲེལ་བའི་སྲིད་བྱུས་སྣ་ཚོགས་ཤིག་འཐེན་བཞིན་ཡོད་པ་དང་། སྤྱིར་ན་རྩྭ་ཐང་དང་འབྲེལ་བའི་སྲིད་བྱུས་མང་པོ་ཞིག་ལ་མིང་སྣ་ཚོགས་བཏགས་ཡོད་པ་ལས། ཡིན་པ་དེ་སྔོན་རྒྱ་ནག་གཞུང་གིས་རྩྭ་ས་འགན་གཙང་ལེན་ཞེས། རྩྭ་ཐང་དང་ཞིང་ས་སོགས་ཀྱི་བདག་དབང་རྒྱལ་ཁབ་ལ་ཡོད་པ་ལས་མི་མང་ལ་མེད་པའི་སྲིད་བྱུས་དེའི་ཁོངས་གཏོགས་ཡིན་པ་དང་། ད་ལྟའི་ཆར་དེ་སྔོན་གྱི་རྩྭ་སའི་སྲིད་བྱུས་མང་པོ་ཞིག་ལ་གྲུབ་འབྲས་གང་ཡང་མ་བྱུང་སྟབས། རྒྱ་ནག་གཞུང་གིས་འབྲོག་པ་ཚོའི་ཕྱུགས་རིགས་ཀྱི་གྲངས་ཀ་ལ་ཚོད་འཛིན་དང་རྩྭ་སའི་བདག་དབང་རྒྱལ་ཁབ་ལ་ཡོད་སྐོར་བརྗོད་ནས། རྩྭ་ཕྱུགས་དོ་མཉམ་ཟེར་བའི་ལས་གཞི་ཞིག་སྤེལ་བཞིན་ཡོད་པ་དང་། ལས་གཞི་དེའི་ནང་ཁྱིམ་ཚང་མང་པོ་མཉམ་དུ་བསྡུས་ནས་མཉམ་ལས་ཁང་ཞེས་པ་ཞིག་ཆེད་འཛུགས་བྱས་ཏེ། འབྲོག་པའི་ཕྱུགས་རིགས་ཀྱི་གྲངས་ཀ་ལ་ཚད་བཀག་བཟོས་ཏེ། རྩྭ་སར་གནོད་སྐྱོན་མི་ཡོང་བ་བྱེད་རྒྱུའི་ལས་གཞི་བཟོས་ཡོད་སྐོར་བརྗོད་བྱུང་།

སྤྱིར་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༩ ལོ་ནས་བཟུང་རྩྭ་ཐང་ལྗང་མདོག་ཅན་དུ་བསྒྱུར་དགོས་པའི་ལས་གཞི་ཞིག་བོད་ཁུལ་ཡོངས་སུ་སྤེལ་ཏེ། ཞིང་འབྲོག་མང་ཚོགས་ཀྱི་རྩྭ་ས་དང་ཞིང་སའི་བདག་དབང་རྒྱལ་ཁབ་ལ་ཡོད་སྐོར་བརྗོད་ནས། འབྲོག་པ་ཚོར་ཕྱུགས་རིགས་ཀྱིས་རྩྭ་ཐང་ལ་གནོད་སྐྱེལ་བཞིན་ཡོད་སྐོར་བརྗོད་ནས་ཕྱུགས་རིགས་ཀྱི་གྲངས་ཀར་ཚོད་འཛིན་དང་། རྩྭ་ས་མང་པོ་ཞིག་ཕྱིར་བསྡུ་བྱས་ཏེ་འབྲོག་པ་ཚོར་ཕྱུགས་རིགས་འཚོ་མི་ཆོག་པ་བྱས་ཡོད་པ་མ་ཟད། ཞིང་པ་ཚོས་ཞིང་ས་མང་པོ་ཞིག་ཕྱིར་བསྡུ་བྱས་ཏེ་ཤུལ་དུ་རྩྭ་རིགས་དང་ཤིང་སྡོང་བཏབ་ནས་སྔོ་ལྗང་ཅན་ཏུ་བསྒྱུར་དགོས་ཚུལ་སོགས་ཀྱི་སྲིད་བྱུས་སྣ་ཚོགས་འཐེན་བཞིན་ཡོད་པ་དང་། ལྷག་པར་དུ་མཚོ་སྔོན་ཕྱོགས་སུ་རྨ་འབྲི་རྫ་གསུམ་དང་མཚོ་སྔོན་པོའི་སྐྱེས་ཁམས་ཀྱི་དཔལ་ཡོན་འཛུགས་སྐྲུན་ལ་ཁ་གཡར་ཏེ། འབྲོག་པ་མང་ཚོགས་ཀྱི་རྩྭ་ས་རྒྱལ་ཁབ་ལ་དབང་སྐོར་བརྗོད་ནས་ཕྱུགས་རིགས་འཚོ་བར་བཀག་འགོག་དང་། ཕྱུགས་རིགས་མེད་པར་གཏང་བ་ཡིན་ན་རྒྱལ་ཁབ་ཀྱིས་རྩྭ་ས་སྲུང་སྐྱོབ་ཀྱི་ལས་ཀ་སྤྲོད་རྒྱུ་ཡིན་སྐོར་སོགས་བརྗོད་དེ། རྗེས་སུ་འབྲོག་པ་ཚོས་ཕྱུགས་རིགས་མེད་པར་བཟོས་བཏང་རྗེས་ལས་ཀ་མི་སྤྲོད་པ་དང་། འཚོ་ས་རྟེན་ས་མེད་པ་སོགས་ཀྱི་དཀའ་ངལ་ཤུགས་ཆེར་འཕྲད་བཞིན་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༤ ནང་མཚོ་སྔོན་ཞིང་ཆེན་གྱིས་རྩྭ་དཔོན་ལམ་ལུགས་དང་ཆུ་དཔོན་ལམ་ལུགས་ཀྱི་ཚོགས་འདུ་ཟེར་བ་ཞིག་ཟི་ལིང་དུ་ཚོགས་ཡོད་པ་དང་། ཚོགས་འདུའི་སྟེང་མཚོ་སྔོན་ཞིང་ཆེན་ཆུ་དང་རྩྭ་ཐང་གི་མགོ་འཁྲིད་ཝང་ཅན་ཅུན་ཟེར་བ་ཞིག་གིས། ཞི་ཅིན་ཕིན་གྱི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་དོན་འཁྱོལ་བྱས་ཏེ། མཚོ་སྔོན་གྱི་གསེར་གྱི་མིང་བྱང་ཇེ་ཡག་ཏུ་གཏོང་བ་དང་། གཞུང་ཕྱོགས་ནས་རྩྭ་ཐང་དང་ཆུ་ཡི་ཐོན་ཁུངས་ལ་བདག་སྐྱོང་ཡག་པོ་བྱས་ཏེ་རྒྱལ་ཁ་མཐའ་གཅིག་ཏུ་ལོན་པ་དགོས་སྐོར་བཤད་ཡོད་པ་དང་། སྐབས་དེར་མཚོ་སྔོན་གྱིས་རྩྭ་དཔོན་ལམ་ལུགས་ཀྱི་སྲིད་བྱུས་ལག་བསྟར་ཁྱབ་བསྒྲགས་བྱས་ཡོད་པ་དང་། དེ་འབྲེལ་གནས་ཚུལ་ནང་རྩྭ་དཔོན་ལམ་ལུགས་ཟེར་བ་དེ་རིམ་ཁག་དམར་ཤོག་གཞུང་གིས་འགན་འཁུར་ནས་རྩྭ་ཐང་གི་དོ་དམ་དང་སྲུང་སྐྱོབ་དང་། མཚོ་སྔོན་དང་མགོ་ལོག་ཁུལ་གྱིས་ཁུལ་དང་། རྫོང་། ཡུལ་ཚོ། གྲོང་ཚོ་བཅས་རིམ་པ་ལྔ་ལྡན་པའི་རྩྭ་དཔོན་ལམ་ལུགས་འཛུགས་དགོས་སྐོར་བསྒྲགས་ཡོད་པ་དང་། ལས་གཞི་དེ་ནི་རྩྭ་ཐང་གི་བདག་དབང་འབྲོག་པ་མང་ཚོགས་ལ་མེད་པར་རྒྱལ་ཁབ་ཀྱིས་བདག་གཉེར་དང་ཚོད་འཛིན་དགོས་པའི་སྲིད་བྱུས་ཤིག་ཡིན་འདུག

རྒྱ་གར་ལྷོ་ཕྱོགས་ཀྱི་ས་གནས་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

བསྐྱར་བཅོས།: ༢༠༢༠/༠༨/༡༣

Leave a Reply