ང་ཚོ་སྤྱི་ཚོགས་ལ་བརྟེན་པའི་སྲོག་ཆགས་རེད།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ད་ལྟའི་ཆར་མི་མང་པོས་རྡུལ་ཕྲན་མཚོན་ཆ་སོགས་ཉེན་ཁ་ཆེན་པོ་ཡིན་པ་ན་རྟོག་ནས་གོ་མཚོན་མེད་པའི་འཛམ་གླིང་ཞིག་བསྐྲུན་རྒྱུའི་འབད་བརྩོན་བྱས་དང་བྱེད་བཞིན་ཡོད་སྐོར་གསུངས་སོང་།

ཁ་སང་ཕྱི་ཚེས་ ༡༢ ཉིན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། ཨ་རིའི་ཞི་བདེ་སློབ་གཉེར་ལྟེ་གནས་ཁང་(United States Institute of Peace)གི་འགན་འཛིན་དང་། ཞི་བདེའི་ལྟེ་གནས་ཁང་དེའི་གཞོན་སྐྱེས་ཉམས་ཞིབ་པ་རྣམས་ལ་ད་ལྟའི་འཛམ་གླིང་གི་ནང་བྱུང་བཞིན་པའི་རྩོད་རྙོག་དང་། ཏོག་དབྱིབས་རིམས་ནད། བྱམས་བརྩེ་བཅས་ཀྱི་སྐོར་དྲ་ལམ་བརྒྱུད་བཀའ་སློབ་གནང་ཡོད་པ་དང་། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དུས་རབས་འདིའི་མགོ་སྟོད་ལ་འཛམ་གླིང་ཡོངས་སུ་དམག་གི་སྟོབས་ཤུགས་ལ་དོ་སྣང་ཆེན་པོ་བྱས་ཡོད་ཀྱང་། དམག་ཆེན་དང་པོ་དང་གཉིས་པའི་ཉམས་མྱོང་ལས་ད་ལྟ་དེ་ལྟ་བུའི་བསམ་བློ་གཏོང་ཕྱོགས་ལ་འགྱུར་བ་ཕྱིན་ཡོད་སྐོར་གསུངས་སོང་།

བཀའ་སློབ་ཀྱི་ཐོག་མར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཞི་བདེའི་ལྟེ་གནས་ཁང་གི་ལྕམ་སྐུ་ནན་སེ་ལན་བྷོག་(Nancy Linborg)ལགས་དང་། གཞོན་སྐྱེས་ཚོ་ལོ་མང་རིང་ངོས་ལ་ཐུག་འཕྲད་ཆེད་དྷ་སར་ཕེབས་བཞིན་ཡོད་པ་དུས་རྟག་ཏུ་བཞིན་ཡོད། ཁྱེད་རང་ཚོས་འདི་འདྲའི་ལས་གཞིའི་ཆེད་དོ་སྣང་དང་འབད་བརྩོན་གནང་བར་ཐུགས་རྗེ་ཆེ་ཞུས་པ་ཡིན།  ངོས་ཀྱི་བསམ་པར་ད་ལྟའི་འཛམ་གླིང་འདི་དུས་རབས་གོང་མ་དང་། ད་ལྟའི་དུས་རབས་ཀྱི་མགོ་སྟོད་སྨད་བར་དང་བསྡུར་ན་ཁྱད་པར་ཆེན་པོ་ཡོང་གི་ཡོད་པ་དང་། དུས་རབས་འདིའི་མགོ་སྟོད་ལ་ང་ཚོས་དམག་གི་སྟོབས་ཤུགས་ལ་དོ་སྣང་ཆེན་པོ་བྱས་པ་དང་། དམག་དོན་སླད་དཔལ་འབྱོར་གྱི་འགྲོ་གྲོན་འབོར་ཆེན་པོ་བཏང་ཡོད་པ་མ་ཟད། ཚན་རིག་པ་གྲགས་ཅན་ཚོས་སོ་སོའི་ཕུལ་དུ་བྱུང་བའི་རྣམ་དཔྱོད་གོ་མཚོན་བཟོ་སྐྲུན་ཆེད་བེད་སྤྱོད་བཏང་ཡོད་པ་རེད། དམག་ཆེན་དང་པོ་དང་གཉིས་པའི་ཉམས་མྱོང་ལས་ད་ལྟ་དེ་ལྟ་བུའི་བསམ་བློ་གཏོང་ཕྱོགས་ལ་འགྱུར་བ་ཕྱིན་ཡོད་སྐོར་གསུངས་སོང་།

ཡང་ཁོང་ཉིད་ཀྱིས་མུ་མཐུད། དམག་ཆེན་གཉིས་པའི་རྗེས་མི་མང་པོས་ལོ་མང་རིང་དམག་ཆེན་གསུམ་པའི་སྐོར་ལ་བསམ་བློ་གཏོང་ཕྱོགས་ལ་འགྱུར་བ་ཕྱྱིན་ཡོད་པ་རེད། ད་ལྟའི་ཆར་ངོས་ཀྱིས་རྒྱུན་ཏུ་མི་རྣམས་ལ་ཡུ་རོབ་སྤྱི་མཐུན་ཚོགས་པར་མིག་དཔེ་ལྟ་དགོས་སྐོར་བརྗོད་བཞིན་ཡོད། དུས་རབས་གོང་མའི་སྐབས་ཡུ་རོབ་ནང་ཁུལ་དང་། ལྷག་པར་ཧྥ་རན་སི་དང་འཇར་མན་ནི་བར་འགལ་ཟླ་ཕྱིན་ནས། མི་གསོད་ཁྲག་སྦྱོར་ཤུགས་ཆེན་བྱས་ཡོད་ན་ཡང་། རྗེས་སུ་འཇར་མན་སྲིད་བློན་སྐུ་ཞབས་ཨ་དྷེ་ནོར(Adenauer)མཆོག་དང་ཧྥ་རན་སིའི་སྲིད་འཛིན་སྐུ་ཞབས་ཆར་ལེ་སི་ཌི་གློ་ལེ(Charles de Gaulle)མཆོག་གིས་ཡུ་རོབ་སྤྱི་མཐུན་ཚོགས་པ་གསར་འཛུགས་གནང་རྗེས། ཡུ་རོབ་ནང་ཁུལ་དབར་དམག་འཁྲུག་བྱུང་མྱོང་མེད་པ་རེད།

ཕྱིས་སུ་གོམ་པ་རིམ་སྤོས་ཀྱིས་མི་མང་གིས་མི་ཚོས་རྡུལ་ཕྲན་མཚོན་ཆ་དེ་ཧ་ཅང་ཉེན་ཁ་ཆེན་པོ་ཡིན་པ་ངོས་འཛིན་བྱས་ཏེ། མི་མང་པོས་གོ་མཚོན་མེད་པའི་འཛམ་གླིང་ཞིག་བསྐྲུན་རྒྱུའི་འབད་བརྩོན་བྱས་དང་བྱེད་བཞིན་ཡོད་པ་དང་། དུས་རབས་སྔོན་མའི་ནང་ང་ཚོས་ཕྱིའི་དངོས་པོ་དང་འཕྲུལ་ཆས་རིགས་བཟོ་སྐྲུན་བྱ་རྒྱུ་གལ་ཆེན་རྩིས་ཡོད་ཀྱང་། རིམ་པས་ང་ཚོས་འགྲོ་བ་མིའི་བདེ་སྡུག་ལ་བསམ་བློ་གཏོང་མགོ་ཚུགས་ཡོད་པ་དང་། ང་ཚོ་སྤྱི་ཚོགས་ལ་བརྟེན་པའི་སྲོག་ཆགས་རེད། དེར་བརྟེན་ང་ཚོ་གཅིག་ལ་གཅིག་བརྟེན་བྱས་ཏེ་འཚོ་དགོས་པ་ལས། གཅིག་ལ་གཅིག་མ་བརྟེན་པར་ང་ཚོ་འཚོ་མི་ཐུབ། ང་ཚོ་སྐྱེས་མ་ཐག་ཨ་མའི་བྱམས་སྐྱོང་འོག་འཚར་ལོངས་བྱེད་དགོས། ཨ་མས་ཀྱང་རང་གི་ཕྲུ་གུ་ལ་འོ་མ་འཐུང་བཅུག་སྟེ་བྱམས་སྐྱོང་བྱེད་ཀྱི་ཡོད་པ་ནི་རང་བཞིན་རེད། འཇིག་རྟེན་འདིའི་སྒང་ལ་གཞན་ཕན་གྱི་བློ་ལ་བརྟེན་ནས་འབུ་སྲིན་དང་། བྱ་བྱིའུ། སྲོག་ཆགས་བཅས་འཚོ་ཐུབ་ཀྱི་ཡོད་པ་དང་། དེ་ནི་རང་བཞིན་ཡིན་པ་ལས་ཆོས་ལུགས་དང་འབྲེལ་བ་མེད་སྐོར་སོགས་གསུངས་རྗེས། མཇུག་ཏུ་དྲ་ལམ་ལ་མཉམ་ཞུགས་གནང་མཁན་ཚོའི་དྲི་བར་བཀའ་ལན་སོགས་བསྩལ་གནང་ཡོད་པ་རེད།

མཆན། སྐུ་པར་དགའ་ལྡན་ཕོ་བྲང་དབྱིན་ཡིག་དྲ་རྒྱ་ནས་བླངས།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༨/༡༣

Leave a Reply

One thought on “ང་ཚོ་སྤྱི་ཚོགས་ལ་བརྟེན་པའི་སྲོག་ཆགས་རེད།

  1. བསོད་ནམས་རྒྱལ་མཚན།

    རྒྱ་གར་མཁས་དབང་དང་། ཨ་རི་ ༧གོང་ས་མཆོག་ལ་འབྲས་དཀར་ཁྲབ་ས་དང་། ལག་པ་ཕྱིས་ས་མ་གཏོགས་གཞན་གང་ཡང་མ རེད། རྒྱ་གར་གི་མདོག་རྐྱ་ ༧གོང་ས་མཆོག་ཁུ་སིམ་མེར་བཞུགས་ཀྱི་དོག་དོག་རེད་པ།