བཅའ་སྒྲིག་གི་དོན་ཚན་ཁག་ཅིག་གི་བསྟན་དོན་གསལ་བཀྲོལ། 

༄༅།། གསར་ལམ་གྲགས་ཅན་བོད་ཀྱི་དུས་བབ་དྲྭ་ངོས་སུ་གུས་པ་དང་འབྲེལ་བའི་རྩོམ་ཡིག་ཅིག་སྤེལ་འདུག་པར་འབྲི་མཁན་སྐུ་སྒེར་ལ་བསམ་ཚུལ་གང་ཡང་མེད་ལ། དམིགས་བསལ་ལན་འདེབས་ཀྱང་དགོས་ངེས་མ་མཐོང་མོད། འོན་ཀྱང་བཅའ་ཁྲིམས་རིན་པོ་ཆེ་དང་འོས་བསྡུའི་སྒྲིག་གཞིའི་དོན་ཚན་རེ་ཟུང་གི་མིང་ཙམ་དྲངས་ཏེ། དོན་ཚན་ཁག་གི་ནང་དོན་ཞིབ་པ་མ་བཀོད་པར་ཁོ་བོའི་སྐད་ཆ་ཐུང་ངུ་དེ་སྒྲིག་འགལ་བྱུང་ཚུལ་བྲིས་འདུག་པར། བཅའ་ཁྲིམས་རིན་པོ་ཆེའི་མདུན་དམ་བཅའ་བླངས་ཟིན་པའི་སྤྱི་འཐུས་ཤིག་དང་། རྟག་ཏུ་ཁྲིམས་སྒྲིག་གཙུག་ཏུ་བཀུར་མཁན་ཞིག་ཡིན་པའི་ཆ་ནས་བཅའ་སྒྲིག་དོན་ཚན་ཁག་གི་ནང་དོན་ཞིབ་གསལ་མཁྱེན་རྟོགས་ཡོང་སླད་གསལ་བཤད་ཐུང་ཙམ་ཞུ་བ་ལ།

བཅའ་ཁྲིམས་དོན་ཚན་ ༩༧ ནང་གསེས་ ༢ པའི་ཀ་པ་ནི། ༼ སྲིད་སྐྱོང་དང་། སྤྱི་འཐུས་འོས་བསྡུ་ནམ་དགོས་སྐབས་འོས་བསྡུའི་ལས་རིམ་གསལ་བསྒྲགས་བྱས་པ་ནས་དངོས་གཞིའི་གྲུབ་འབྲས་གསལ་བསྒྲགས་མ་ཟིན་བར་གྱི་དུས་ཡུན་རིང་དབུས་འོས་བསྡུ་ལས་ཁང་ལ་འོས་བསྡུའི་འགན་འཛིན་ལས་འཕར་གཉིས་དགོས་པར། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང་། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། སྲིད་སྐྱོང་བཅས་ནས་སྐབས་དེའི་འོས་མི་འདེམས་སྒྲུག་ཁོ་ནའི་ཆེད་མི་འགྲོ་གསུམ་དམིགས་འཛུགས་བྱས་པའི་ཚོགས་ཆུང་དེས་ཉིས་ལྡབ་ལས་མ་ཉུང་བའི་འོས་འཆར་ཕུལ་བར་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུ་བྱས་ཏེ་མང་མོས་སུ་ཐོབ་ལ་དབུས་འོས་བསྡུ་ལས་ཁང་གི་འོས་བསྡུའི་འགན་འཛིན་ལས་འཕར་དུ་འོས་ཐོན་བྱུང་བར་ངོས་འཛིན་བྱ་རྒྱུ། ཡང་ན་ཚོགས་ཆུང་དེས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དང་། རྩིས་ཞིབ་སྤྱི་ཁྱབ་གཉིས་ལ་ཞོར་ལྕོགས་སུ་རྒྱབ་གཉེར་གནང་ན་སྤྱི་འཐུས་ལྷན་ཚོགས་སུ་མང་མོས་ཐག་གཅོད་ཚེ་དེ་དོན་བྱེད་འཐུས། ཞེས་དང་།

འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༤ ནང་གསེས་ ༩ པ་ནི། ༼ སྲིད་སྐྱོང་དང་། སྤྱི་འཐུས་ཀྱི་འོས་བསྡུ་ནམ་ཡིན་ལ་དབུས་འོས་བསྡུ་ལས་ཁང་ནས་འོས་བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་བྱེད་ཕྱོགས་ཀྱི་ལམ་སྟོན་བྱས་པ་བཞིན་ལག་བསྟར་བྱེད་དགོས།  ཞེས་དང་།

འོས་བསྡུའི་སྒྲིག་གཞི་དོན་ཚན་ ༥༣ པ།  ༼  སྤྱི་འཐུས་དང་། སྲིད་སྐྱོང་གི་འོས་བསྡུའི་ལས་རིམ་གྱི་དུས་ཡུན། སྤྱི་འཐུས་དང་སྲིད་སྐྱོང་གི་འོས་བསྡུ་ནམ་དགོས་སྐབས་འོས་བསྡུའི་འགན་འཛིན་ལས་འཕར་གཉིས་ཀྱིས་ལས་འཁུར་དམ་འབུལ་ཞུས་པ་ནས་འོས་བསྡུའི་ལས་རིམ་འགོ་འཛུགས་བྱེད་པ་དང་། དངོས་གཞིའི་གྲུབ་འབྲས་གསལ་བསྒྲགས་བྱས་པའི་ཉིན་སྐབས་དེའི་འོས་བསྡུའི་ལས་དོན་གྲུབ་པར་ངོས་འཛིན་བྱེད་དགོས། ཞེས་གསལ་ཡོད།

དེས་ན། བཅའ་ཁྲིམས་དོན་ཚན་ ༩༧ ནང་གསེས་ ༢ ཀ་པས་ནི་འོས་བསྡུའི་འགན་འཛིན་ལས་འཕར་རྣམ་གཉིས་བསྐོ་བཞག་བྱེད་ཕྱོགས་དང་། འོས་སྒྲིག་དོན་ཚན་ ༢༤ ནང་གསེས་ ༩ པས་འོས་བསྡུའི་སྐབས་སྒྲིག་གཞིར་མ་གསལ་བའི་རིགས་ལ་འོས་བསྡུ་ལས་ཁང་གི་ལམ་སྟོན་ཅི་གནང་དང་།  དོན་ཚན་ ༥༣ པས་གཞུང་འབྲེལ་འོས་བསྡུའི་ལས་རིམ་འགོ་ནམ་འཛུགས་དང་མཇུག་ག་དུས་གྲུབ་མིན་གྱི་དུས་ཡུན་སྟོན་པ་ཁོ་ན་བཅས་ཡིན་པས། གཞུང་འབྲེལ་འོས་བསྡུའི་ལས་རིམ་འགོ་མ་བཙུགས་སྔོན་འོས་བསྡུའི་སྐོར་སྐད་ཆ་ཙམ་ཡང་བཤད་མི་ཆོག་པ་བསྟན་མེད་ཅིང་། བཅའ་སྒྲིག་གི་དོན་ཚན་གང་དུའང་དེ་ལྟ་བུའི་ཚད་བཀག་གནང་མི་འདུག་པས། གོང་གསལ་དོན་ཚན་གང་དང་ཡང་འགལ་མེད་པ་ཡིད་འཇགས་བཅས། ༢༠༢༠ ཟླ་ ༨ ཚེས་ ༡༢ རེས་གཟའ་ལྷག་དཀར་ཉིན། སྤྱི་འཐུས་མིང་འཛིན་བློ་བཟང་ཆོས་འབྱོར་གྱིས།། །།

འབྲེལ་ཡོད་རྩོམ་ཡིག སྤྱི་འཐུས་ལས་ཐོག་ཅིག་གི་སྤྱོད་ཐལ།

མཆན། གོང་གསལ་བསམ་ཚུལ་རྩོམ་ཡིག་དེ་ནི་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་ལྟ་བ་ལངས་ཕྱོགས་ཡིན་པས་མ་ཁྱབ། 

བསྐྱར་བཅོས།: ༢༠༢༠/༠༨/༡༣

Leave a Reply

6 thoughts on “བཅའ་སྒྲིག་གི་དོན་ཚན་ཁག་ཅིག་གི་བསྟན་དོན་གསལ་བཀྲོལ། 

  1. ཉི་མ་ཚེ་རིང་།

    ཤ་ཁུག་གིས་ག་རེ་བཤད་ན་མ་བཤད་ན། ཁྱོད་ལ་རྒྱུ་མཚན་བཤད་ཡག་ཡོད་ན་བོད་གཞུང་འོས་བསྡུ་ལས་ཁུངས་ཀྱི་གསལ་སྒྲག་འདི་ལ་ལན་རྒྱག་དགོས་རེད།
    འདྲ་རྒྱ་འདི་ལ་གཟུགས་རོག་
    https://www.bod.asia/2020/03/%E0%BD%A0%E0%BD%BC%E0%BD%A6%E0%BC%8B%E0%BD%96%E0%BD%A6%E0%BE%A1%E0%BD%B4%E0%BC%8B%E0%BD%91%E0%BD%84%E0%BC%8B%E0%BD%A0%E0%BD%96%E0%BE%B2%E0%BD%BA%E0%BD%A3%E0%BC%8B%E0%BD%96%E0%BD%A0%E0%BD%B2%E0%BC%8B-3/

    ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༡༡ རེས་གཟའ་ལྷག་པ།

    ༄༅། །ཉེ་ལམ་སྤྱི་ཚོགས་དྲ་ལམ་ཁག་ནང་འབྱུང་འགྱུར་སྲིད་སྐྱོང་གི་འོས་གཞི་ཡིན་ལུགས་མང་ཚོགས་ནང་གནས་ཚུལ་ཁྱབ་གདལ་འགྲོ་བཞིན་འདུག་པ་འདི་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་ཁག་དང་ཡོངས་སུ་འགལ་བའི་གནས་དོན་ཚབས་ཆེན་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད།

    བྱེས་འཁོད་མང་ཚོགས་ནས་གསལ་པོ་མཁྱེན་དགོས་པ་ཞིག་ལ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་ ༨ པའི་དོན་ཚན་ ༩༧ པའི་ནང་གསེས་ ༢ པའི་ཀ་པ་དང་། འོས་བསྡུའི་སྒྲིག་གཞིའི་ལེའུ་ ༣ པའི་དོན་ཚན་ ༥༣ པའི་ནང་ “སྤྱི་འཐུས་དང་སྲིད་སྐྱོང་གི་འོས་བསྡུ་ནམ་དགོས་སྐབས་འོས་བསྡུའི་འགན་འཛིན་ལས་འཕར་གཉིས་ཀྱིས་ལས་འཁུར་དམ་འབུལ་ཞུས་པ་ནས་འོས་བསྡུའི་ལས་དོན་འགོ་འཛུགས་བྱེད་པ་དང་ ” ཞེས་དང་། ཡང་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༤ པའི་ནང་གསེས་ ༩ པའི་ནང་ “སྲིད་སྐྱོང་དང་། སྤྱི་འཐུས་ཀྱི་འོས་བསྡུ་ནམ་ཡིན་ལ་དབུས་འོས་བསྡུ་ལས་ཁང་ནས་འོས་བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་བྱེད་ཕྱོགས་ཀྱི་ལམ་སྟོན་བྱས་པ་བཞིན་ལག་བསྟར་བྱེད་དགོས།” བཅས་ཁྲིམས་སྒྲིག་ནང་གསལ་པོ་ཡོད་བཞིན་དུ་རང་འདོད་རློམ་པའམ་སྤྱང་གྲུང་དོད་མདོག་གིས་ཁྲིམས་སྒྲིག་ཁག་ལ་ཉམས་ལེན་ཚུལ་མཐུན་མ་བྱུང་བའི་འགལ་འཛོལ་ཞིག་ལ་སོང་། དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་ཆགས་ཁག་ནས་ཡིད་གཟབ་བྱ་དགོས་ནན་བསྐུལ་དང་། གལ་ཏེ་ད་དུང་གནས་དོན་འདི་རིགས་འཐོན་ཚེ་ཁྲིམས་སྒྲིག་དགོངས་དོན་ལག་བསྟར་ཡན་པོར་མ་སོང་བ་བྱ་ངེས་ཡིན།

    རྒྱ་ཆེ་མང་ཚོགས་ནས་དེ་ལུགས་ཁྲིམས་སྒྲིག་ནང་གསལ་ལྟར་གྱི་དབུས་འོས་བསྡུ་ལས་ཁང་ནས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུའི་གསལ་བསྒྲགས་མ་གནང་བར་གནས་དོན་འདི་རིགས་ལ་བདག་སྤྲོད་མི་གནང་བའི་སྐུལ་ལྕག་ཞུ་རྒྱུ་བཅས་དེ་དོན་དགོངས་འཇགས་འཚལ། དབུས་འོས་བསྡུ་ལས་ཁང་ནས་ ༢༠༢༠ ཟླ་ ༣ ཚེས་ ༡༡ ལ།

  2. མི་ངན་འདིས་རྡ་རམ་ས་ལའི་ལས་ཁུངས་ཤིག་ནས་ལོ་ཁ་ཤས་ལ་ལས་ཀ་བྱས་རྗེས་ཁུངས་མ་འཁྱོལ་པར་དེང་སྐབས་ཕྱི་རྒྱལ་ཞིག་ཏུ་ཡོད་པ་རེད་ཟེར། བཅའ་འཁྲིམས་དང་སྒྲིག་གཞི་མགོ་མི་ཚོས་ཀྱང་ཚོས་མདོག་བྱས་སྤྱི་ཚོགས་ལ་འགན་འཁུར་ཡོད་མདོག་བྱས་ཏེ་ནང་ཁུལ་དཀྲུག་དཀྲུག་གཏོང་རེད།