བཙན་བྱོལ་བོད་མིར་གསང་བའི་མྱུལ་ཞིབ་བྱས་པའི་དོགས་གཞི་ཅན་ཞིག་བསྐྱར་དུ་འཛིན་བཟུང་བྱས།

༧གོང་ས་མཆོག་གི་དབུས་པའི་བཙན་བྱོལ་བོད་མི་གནད་ཡོད་རྣམ་པར་གསང་བའི་མྱུལ་ཞིབ་བྱས་ཡོད་པའི་དོགས་གཞི་ཅན་རྒྱ་མི་ལའོ་སང་ཟེར་བ་ཞིག་གིས་ཧིན་སྒོར་བྱེ་བ་མང་པོ་གཏོང་ལེན་བྱས་ཏེ་ཁྲིམས་འགལ་བྱས་ཡོད་འདུགདེ་རིང་རྒྱ་གར་གྱི་གསར་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། ཉིན་ཤས་སྔོན་རྒྱ་གར་དབུས་དཔྱ་ཁྲལ་དོ་དམ་ཁང་ (Central Board of Direct Taxes)རྒྱ་གར་རྒྱལ་ས་ལྡི་ལིའི་ཉེ་ཁུལ་གྱི་ས་གནས་ཁག་ ༢༡ ནང་དངུལ་དངོས་ཕར་གཏོང་ཚུར་ལེན་དང་འབྲེལ་བའི་ཞིབ་བཤེར་བྱེད་སྐབས། ཕྱི་ལོ་ ༢༠༡༨ ལོར་རྒྱ་གར་རྒྱལ་ས་ལྡི་ལིའི་བོད་མི་འདུས་སྡོད་ཀྱི་གཞིས་ཁུལ་བསམ་ཡས་གླིང་དུ་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་ཤིང་། རྒྱ་ནག་གི་མི་སེར་དང་རྒྱ་གར་གྱི་མི་སེར་གྱི་ལག་འཁྱེར་རྫུན་བཟོ་བྱས་པའི་རྒྱ་མི་ལའོ་སང་(Lou sang)ཞེས་པ་ཞིག་གིས། རྒྱ་ནག་གི་མིང་ཐོག་ནས་དྲ་ལམ་ཚོང་ལས་ཁང་ཧཱ་ཝ་ལ(hawala network)ཞེས་པ་ཆེད་འཛུགས་ཀྱིས། ཧིན་སྒོར་བྱེ་བ་ ༣༠༠ ལྷག་ཁྲིམས་འགལ་ངང་ཕར་གཏོང་ཚུར་ལེན་བྱས་པ་ཤེས་རྟོགས་བྱུང་སྟེ་བསྐྱར་དུ་འཛིན་བཟུང་བྱས་ཡོད་འདུག

རྒྱ་གར་དཔྱ་ཁྲལ་དོ་དམ་ཁང་གི་འབྲེལ་ཡོད་མི་སྣས་འགྲེལ་བརྗོད་བྱས་པ་ལྟར་ན། ལའོ་སང་ཟེར་བའི་རྒྱ་མི་དེས་དངུལ་ཁང་ ༡༠ ལྷག་གི་དངུལ་བྱང་བཟོས་ཏེ།  རྒྱ་ནག་གི་སྤྱི་གཉེར་ཁང་རྫུན་མའི་མིང་ཐོག་ནས་ཧིན་སྒོར་བྱེ་བ་ ༣༠༠ ཙམ་གྱི་དངུལ་གཏོང་ལེན་གྱི་ཁྲིམས་འགལ་བྱ་བ་བསྒྲུབས་ཡོད་པ་མ་ཟད། ཁོས་རྒྱ་གར་གྱི་བྷན་དྷན་ (Bhandhan) དང་ཨའེ་སི་ཨའེ་སི་ཨའེ་ (ICICI) དངུལ་ཁང་གི་ལས་མི་དང་ངན་འབྲེལ་བྱས་ཏེ། ཉིན་རེར་ཧིན་སྒོར་བྱེ་བ་ ༣ ལྷག་གི་དངུལ་འབབ་གཏོང་ལེན་བྱས་ཡོད་སྐོར་བརྗོད་འདུག་པ་མ་ཟད། ད་བར་ཁོས་དངུལ་བྱང་མི་འདྲ་བ་ ༤༠ ལྷག་བཀོལ་ཏེ་རིན་འབབ་བྱེ་བ་སྟོང་ཚོ་ལྷག་གི་ཁྲིམས་འགལ་བྱ་བར་ཞུགས་ཡོད་སྐོར་དང་། འབྲེལ་ཡོད་གཞུང་འབྲེལ་མི་སྣས་ཁོ་པར་ཞིབ་བཤེར་བྱེད་སྐབས། ཨཱ་དྷར་དཔང་ཡིག་ (Aadhaar Card) རྫུན་མ་གཉིས་དང་། པེན་བྱང་བུ་(PAN Card)རྫུན་མ་གཅིག ད་དུང་ཕྱི་སྐྱོད་ལག་འཁྱེར་རྫུན་མ་གཅིག་བཅས་ལག་སོན་བྱུང་ཡོད་སྐོར་བརྗོད་འདུགརྒྱ་གར་ཨོ་རི་ས་ཆ་འཕྲིན་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། ལའོ་སང་ཞེས་པའི་རྒྱ་མི་དེ་ཕྱི་ལོ་ ༢༠༡༨ ལོར་འཛིན་བཟུང་བྱེད་སྐབས། ཁོས་མིང་ལ་ཆྰར་ལེ་ཕེན་(Charlie Peng)དང་རྒྱ་ནག་གི་དྲག་གནོན་སྲིད་བྱུས་ལ་གཡོལ་ཆེད། ཁོ་རང་བོད་ཀྱི་རྒྱལ་ས་ལྷ་ས་ནས་རྒྱ་གར་ནང་བྲོས་བྱོལ་དུ་ཡོང་བ་ཡིན་སྐོར་སོགས་བརྗོད་ཡོད་ན་ཡང་། རྗེས་སུ་རྒྱ་གར་གཞུང་གིས་འདྲི་རྩད་བྱེད་སྐབས་ཁོ་རྒྱ་ནག་བཅིངས་གྲོལ་དམག་མི་ཞིག་ཡིན་པ་དང་། རྒྱ་ནག་གིས་བཙན་གྱིས་ཁོ་ལ་གསང་ཉུལ་ལས་དོན་བསྒྲུབས་བཅུག་ཡོད་སྐོར་དང་། རྒྱ་ནག་གཞུང་གིས་རོགས་དངུལ་སྤྲད་དེ་རྒྱ་གར་གྱི་དྲ་ཐོག་ཚོང་ལམ་དུ་ཞུགས་བཅུག་པ་སོགས་ཁོ་རང་གིས་ཁས་ལེན་བྱས་ཡོད་སྐོར་སོགས་བརྗོད་འདུག

ཕྱི་ལོ་ ༢༠༡༨ ལོར་རྒྱ་མི་དེ་ལྡི་ལིའི་བོད་སྒར་བསམ་ཡས་གླིང་དུ་འཛིན་བཟུང་བྱས་ཏེ་འདྲི་ཞིབ་བྱུང་རྗེས། ཁོས་བོད་དང་འབྲེལ་བའི་གནས་ཚུལ་དང་༧གོང་ས་མཆོག་གི་དབུས་པའི་བཙན་བྱོལ་གྱི་གནད་ཡོད་མི་སྣ་ཁག་གི་གནས་ཚུལ་ལ་གསང་བའི་མྱུལ་ཞིབ་བྱེད་ཀྱི་ཡོད་པའི་དོགས་གཞི་བྱུང་ཡོད་པ་དང་། ཁོས་རྒྱ་གར་མཱ་ནེ་པོར་ས་གནས་ཀྱི་བུད་མེད་ཅིག་དང་གཉེན་སྒྲིག་བྱས་ཏེ་ལོ་མང་རིང་ཁོ་རང་གི་གནས་ཚུལ་སྦས་གསང་བྱས་ཡོད་པ་དང་། ལོ་ཤས་རྗེས་སུ་རྒྱ་གར་ལྡི་ལིར་གནས་སྤོར་གྱིས་གྷོར་གྷང་ཁུལ་དུ་བསྡད་ཡོད་ཀྱང་། རྗེས་སུ་ཁོ་རྒྱ་གར་གཞུང་གིས་ཆབ་སྲིད་ཀྱི་ཚོར་བ་སྐྱེན་པའི་ཧི་མ་ཅལ་མངའ་སྡེ་གཙོའི་ས་མཚམས་ཁུལ་དུ་འགྲུལ་སྐྱོད་བྱས་པ་ཤེས་རྟོགས་བྱུང་ནས་འཛིན་བཟུང་བྱས།

སྐབས་དེར་རྒྱ་གར་གཞུང་གིས་འདྲི་རྩད་བྱས་པར་ཁོས་ལས་འགན་གཙོ་བོ་༧གོང་ས་མཆོག་གི་ཉེ་འཁོར་མི་སྣ་རྣམས་དང་འབྲེལ་ལམ་བཟོས་ནས་བཙན་བྱོལ་བོད་མིའི་ཁྲོད་སིམ་འཛུལ་བྱེད་རྒྱུ་སོགས་ཡིན་སྟབས། ཁོ་བོད་མི་འདུས་སྡོད་ཀྱི་ས་ཁུལ་ཧི་མ་ཅལ་མངའ་སྡེ་དང་ལྡི་ལི།  བྷེང་ལོར་སོགས་སུ་སོང་ཡོད་སྐོར་སྐོར་བརྗོད་ཡོད་པ་དང་། གནས་ཚུལ་གཞན་ནང་ཁོས་དེ་མིན་རྒྱ་གར་གྱི་བཟོ་གྲྭ་ཁག་ནང་དངུལ་གཏོང་ལེན་ལ་ཁ་གཡར་ཏེ། རྒྱ་གར་གྱི་བཟོ་གྲྭ་དང་ཚོང་གཉེར་ཁང་ཁག་གི་གནས་ཚུལ་རྐུ་འཁྱེར་བྱས་ནས་རྒྱ་ནག་ལ་གཏོང་གི་ཡོད་སྐོར་སོགས་བརྗོད་ཡོད་འདུག ཡིན་ནའང་། རྗེས་སུ་གཏའ་དངུལ་བཞག་ནས་ཀློད་གྲོལ་བཏང་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༨/༡༨

Leave a Reply