སྲིད་སྤྱིའི་འོས་མིའི་གནས་བབ་ལས་འཕྲོས་པའི་གཏམ་འགའ།

གཅན་ཚ་དཔལ་ལྡན། ཧྥ་རན་སི།

ཕྱི་ཟླ་༨ ཚེས་༥ ཉིན་དབུས་འོས་བསྡུ་ལྷན་ཁང་ནས་གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་དུ། གཞུང་འབྲེལ་ཐོག་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བའི་ཐོག འོས་བསྡུའི་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ཀྱིས། སྐབས་༡༦ པའི་སྲིད་སྐྱོང་དང་སྐབས་ ༡༧ པའི་སྤྱི་འཐུས་འོས་བསྡུའི་ལས་རིམ་དངོས་སུ་མགོ་འཛུགས་ཀྱི་གཏམ་བཤད་སྤེལ་ཡོད་ཅིང་། གསལ་བསྒྲགས་དེ་སྤེལ་ནས་ཉིན་ཤས་ལས་མ་འགོར་བར་བཙན་བྱོལ་བོད་མིའི་གནས་ཡུལ་རྒྱལ་ཁབ་ཁག་གི་མང་ཚོགས་ཁྲོད། མངོན་གསལ་དང་མངོན་གསལ་མིན་པར་ཕྱི་ལོ་༢༠༢༡ ལོའི་སྲིད་སྤྱིའི་འོས་མིའི་ཐད་ཚོར་བ་རྣོན་པོའི་ངང་གླེང་སློང་སྣ་ཚོགས་ཤིག་འབྱུང་བཞིན་ཡོད་ནའང་། དེ་དག་ལས་མང་ཆེ་བས་འཆར་ལོར་སྲིད་སྐྱོང་སུ་འོས་སུ་ཐོབ་ཀྱི་རེ་དོགས་ཁོ་ན་བྱེད་པ་ཙམ་ལས། སྤྱི་འཐུས་ཀྱི་སྤུས་ཚད་དང་དེའི་འགན་འཁྲིའི་གནས་བབ་ཐོག་དོ་ཁུར་བྱེད་མཁན་ཆེས་ཉུང་ཤོས་ལས་མེད་པར་སྣང་།

འདས་པའི་མི་ལོ་གཅིག་ནང་འཛམ་གླིང་ནང་ཆབ་སྲིད་ཀྱི་འགྱུར་ལྡོག་ཆེན་པོ་ཞིག་བྱུང་སྟེ། ད་ཆ་ཨ་རྒྱ་གཉིས་བར་ཚོང་འབྲེལ་དོ་མི་མཉམ་པ་དང་ཏོག་དབྱིབས་ནད་ཡམས། ཨ་རིའི་འཕྲུལ་རིག་ཤེས་བྱ་རྐུ་འཁྱེར། ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་། ཧོང་ཀོང་གནད་དོན། དེ་བཞིན་ཐེ་ཝན་དང་ཡུ་གུར། བོད་སོགས་ཀྱི་གནད་དོན་ཐོག་འགལ་བ་ལྟག་སྤྲོད་དུ་སོང་སྟེ་ཆེས་ཉེན་ཁའི་གནས་སུ་ལྷུང་ཡོད་ལ། དེ་དང་འབྲེལ་ནས་ཨོ་སི་ཊོ་ལི་ཡ་དང་དབྱིན་ཇི། ཁེ་ན་ཌ་བཅས་དང་། རྒྱལ་ཁབ་བཅུ་གྲངས་ཤིག་གི་གྲོས་ཚོགས་འཐུས་མི་མཉམ་འབྲེལ་ཐོག་རྒྱ་ནག་གིས་དམར་པོ་དར་སྤེལ་དང་མང་གཙོ་ཉམས་དམས་སུ་གཏོང་བར་འགོག་རྒོལ་གྱི་ཚ་རླབས་ཤིག་འཕྱུར་གྱིན་ཡོད།

དེ་བཞིན་ཕྱི་ཟླ་ ༦ ཚེས་ ༡༦ ཉིན་བོད་དང་ལ་དྭགས་ས་མཚམས་ཀེལ་ཝན་ལུང་མདོ་རུ། རྒྱ་དཀར་ནག་གི་དམག་མིའི་བར་འཁྲུག་འཛིང་དྲག་པོ་བྱུང་སྟེ། མཐར་ཧིན་དམག་༢༠ བསད་པ་དང་རྒྱ་དམག་ ༤༣ བསད་པའི་གནས་ཚུལ་བརྒྱུད་ལམ་ཁག་ཏུ་ཐོན་ཡོད་ལ། དེའི་ཉེར་ལེན་གྱིས་རྒྱ་གར་མོ་དེ་སྲིད་གཞུང་གིས་རྒྱ་ནག་མཉེན་ཆས་ ༥༩ ལྷག་འཕྲལ་མར་གཏན་འགོག་གིས་རྒྱ་དམར་གཞུང་ལ་འཁོན་ལན་བསློགས་ཡོད་ལ། རྒྱ་གར་མང་ཚོགས་ཁྲོད་དུའང་རྒྱ་དམར་ལ་སྡང་ཟུག་ཆེ་རུ་ཕྱིན་ཏེ། ས་གནས་མང་པོར་རྒྱ་ནག་གི་ཅ་དངོས་མེར་བསྲེགས་གཏོང་བ་དང་། རྡོར་གདན་གཙོས་ནང་པའི་གནས་ཆེན་ཁག་ཏུ་གནས་མཇལ་དུ་ཡོང་མཁན་རྒྱ་རིགས་ཚོར། མགྲོན་ཁང་མི་གཡར་རྒྱུའི་བསྒྲགས་གཏམ་བཅས་སྤེལ་ཏེ་ས་མཚམས་རྩོད་རྙོག་ཐོག་སྔར་ལས་ལངས་ཕྱོགས་བརྟན་པོ་བཟུང་།

དེ་བཞིན། རྒྱ་གར་རྒྱལ་ཡོངས་ཀྱི་གསར་ཁང་གྲགས་ཆེ་ཤོས་རྒྱ་གར་དུས་བབ་དང་ཨེན་ཌེ་བརྙན་འཕྲིན་གཙོས་སྐད་རིགས་སྣ་མང་གི་གསར་ཁང་ ༤༠ ལྷག་གིས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་བཅར་འདྲི་ཞུས་ཏེ། རྒྱ་དཀར་ནག་གི་ས་མཚམས་རྩོད་རྙོག་གི་དངོས་ཡོད་གནས་ཚུལ་དང་། འཕགས་བོད་ལོ་རྒྱུས་ཀྱི་གནས་བབ། བོད་དོན་རྒྱ་གར་གྱི་བདེ་འཇགས་ཇི་ལྟར་ཆགས་མིན་ཐོག་ཁོང་ཚོའི་དོགས་པ་རྣམ་རྟོག་སེལ་པར་བྱས།

འཕགས་བོད་གཉིས་ཀྱི་ས་ཚམས་རྩོད་རྙོག་དེ་དང་འབྲེལ་ནས། དེ་སྔ་ཀིར་གྷི་སི་ཐན་ནང་རྒྱ་གར་གཞུང་ཚབ་པ་བྱས་མྱོང་པའི་ལ་དྭགས་ཕུན་ཚོགས་སྟོབས་ལྡན་གྱིས་༧གོང་ས་མཆོག་ལ་གཞི་མེད་སྐྱོན་འཛུགས་བྱས་ཏེ། མིག་སྔར་འབྱུང་བཞིན་པའི་ས་མཚམས་ཀྱི་བདག་དབང་དེ། རྒྱ་གར་གྱི་ལ་དྭགས་ཁོ་ནར་དབང་བ་ལས་བོད་དང་རྒྱ་ནག་སུ་གང་ལའང་མི་དབང་བའི་ཐ་ཚིག་ནན་མོ་བསྒྲགས་པ་དང་། སྐབས་དེ་ཤེད་ཅིག་ལ་རྒྱ་གར་དམག་སྤྱི་ཞིག་གིས་ཀྱང་ས་མཚམས་འཁྲུག་འཛིང་ནང་ཞུགས་མཁན་ཁྲོད་བོད་རིགས་དམག་མི་འགའ་ཡང་ཡོད་པས། སླད་ཕྱིན་བོད་མིའི་སྒྲིག་འཛུགས་ཀྱིས་དངོས་ཤུགས་བརྒྱུད་གསུམ་ནས། བོད་ནང་གི་བོད་མི་ཚོ་རྒྱའི་དམག་ཁོངས་སུ་མི་ཞུགས་པའི་གོ་བསྐོན་སློབ་གསོ་གནང་དགོས་རྒྱུ་དང་།

དེ་ལས་ལྡོག་ན་མ་འོངས་པར་བཙན་བྱོལ་བོད་མི་རྣམས་དང་གནས་ཡུལ་རྒྱ་གར་གཞུང་མང་བར། གོ་བ་ལོག་སྒྲུབ་ཀྱིས་མཛའ་མཐུན་མཉམ་གནས་ལ་དོ་ཕོག་འགྲོ་སྲིད་པའི་ཉེན་བརྡ་བཏང་བ་སོགས་ཀྱིས། རང་གཞུང་ལའང་གནས་སྟངས་མང་པོའི་ཐོག་བསྟུན་མཁས་བྱ་དགོས་པའི་དཀའ་ངལ་འཕར་མ་ཞིག་འབྱུང་བཞིན་པ་མ་ཟད། མ་འོངས་པར་བོད་དོན་འཐབ་ཇུས་དང་ལངས་ཕྱོགས་ཐོག་རིག་པ་གསར་པ་སྒྲིམ་དགོས་པའི་དུས་ལ་བབ་ཡོད་པ་དང་།

ལྷག་པར་དུ་རྒྱལ་སྤྱིའི་ཁྱོན་ཡོངས་ནས་རྒྱ་ནག་ལ་ཁ་གཏད་དང་གདོང་ལེན་བྱེད་པའི་ཆེས་ཛ་དྲག་དང་འཁྲུག་ཆ་དོད་པོའི་སྐབས་འདིར། ང་ཚོར་གནས་བབ་ལ་གཟིགས་ཏེ་ཆབ་སྲིད་ཀྱི་སྣེ་ཁྲིད་མཁན་སྲིད་སྐྱོང་ཚད་ལྡན་ཞིག་དགོས་ཀྱི་ཡོད་ལ། དེ་ད་ལྟ་བུའི་སྲིད་སྐྱོང་ཞིག་གདམ་རྒྱུར། བོད་པ་ནང་ཁུལ་བར་མཐུན་སྒྲིལ་དང་གཞུང་མང་བར་ཡིད་རྟོན། རང་བཙན་དང་ལམ་དབུ་མའི་བར་གུ་ཡངས་བཅས་བྱས་ཏེ། འཐབ་རྩོད་ཀྱི་ནུས་པ་གཞི་གཅིག་སྤུངས་ན། ཉིན་ཞིག་ང་ཚོར་རྒྱལ་ཁ་འཐོབ་རྒྱུ་ནི་ཐག་བཅད་ནས་ཤོད་ཆོག་པ་ཞིག་ཡིན།

དེས་ན། རྒྱལ་སྤྱིའི་ཁྱོན་ཡོངས་ལ་ཆབ་སྲིད་འགྱུར་ལྡོག་ཤུགས་ཆེན་པོ་འགྲོ་བཞིན་པའི་སྐབས་དང་། ༧ གོང་ས་མཆོག་དགུང་གྲངས་༨༦ ལ་ཕེབས་ཏེ། སྐུའི་གཟུགས་གཞིའི་བབ་དང་བསྟུན་ཕྱི་རྒྱལ་ཁག་ཏུ་ཆིབས་སྒྱུར་སྐྱོང་མ་ཐུབ་པ། རྒྱ་བལ་འབྲུག་གསུམ་གྱི་བཙན་བྱོལ་བོད་མིའི་མི་འབོར་ཕྱེད་ཀ་སྟེ། བོད་མི་ཁྲི་ ༦ ལྷག་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་གནས་སྤོ་བྱས་པའི་རྐྱེན་གྱིས། བོད་མིའི་ཆིག་སྒྲིལ་དང་ངོ་བོ་སྲུང་སྐྱོབ་ལ་དཀའ་ངལ་འཕྲད་བཞིན་པ་བཅས་ཀྱིས། འཆར་ལོ་སྟེ་ ༢༠༢༡ ལོའི་སྲིད་སྐྱོང་འོས་མི་ཚད་ལྡན་ཞིག་ངོ་སྤྲོད་དགོས་རྒྱུ་ནི་གནད་ཀྱི་དོན་པོར་སེམས།

གཤམ་དུ་ཕྲན་གྱིས་རང་ཉིད་མི་ལོ་བཅུ་ཕྲག་འགའི་རིང་བཙན་བྱོལ་དུ། མང་གཙོའི་འགན་དབང་དང་ཐོབ་ཐང་རྣམས་ལོངས་སྤྱད་པའི་ཉམས་མྱོང་འགའ་གཙོ་གནད་དུ་བཟུང་ནས་སྲིད་སྐྱོང་འོས་མི་འགའ་འོས་སྦྱོར་ཞུ་བ་ལ།

བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ནི། མི་ལོ་ ༤༠ ལྷག་གི་རིང་བོད་གཞུང་ལ་སྲི་ཞུ་བསྒྲུབས་པའི་གཞུང་ཞབས་རྒན་གྲས་ལྷག་བསམ་ཅན་ཞིག་དང་། གཞུང་གི་ལས་དོན་ཆེ་ཕྲ་ཚང་མར་དོ་ནན་ཞིབ་ཚགས་གནང་མཁན། བོད་མི་མཐོ་དམན་བར་གསུམ་སུ་ལའང་ལག་པ་སྙོབ་ཐུབ་མཁན་མགོ་ཁྲིད་ཁེངས་སྐྱུང་ཅན་ཞིག་ཡིན་ནའང་། ཕྲན་ལ་ཁོང་ནི་ཆབ་སྲིད་མཁས་པ་ཞིག་ཡིན་པའི་ཚོར་སྣང་ནམ་ཡང་མི་སྟེར་ལ། རྒྱལ་སྤྱིའི་སྡིངས་ཆའི་སྟེང་བོད་དོན་གསོན་གནས་དང་རོགས་དངུལ་བཙལ་འཚོལ། ནུབ་ཕྱོགས་བོད་མིའི་ངོ་བོ་དང་ཆིག་སྒྲིལ་ནུས་པ་མཐོར་འདེགས་གཏོང་རྒྱུར་དེ་ལས་ཀྱང་ནུས་ཤུགས་འདོན་ཐུབ་པའི་རེ་བ་དེ་ཙམ་མི་འདུག

ངའི་བསམ་པར། འཆར་ལོའི་སྲིད་སྐྱོང་འོས་མིར་བཀའ་ཟུར་བློ་བཟང་སྙན་གྲགས་ལགས་དང་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་རྣམ་གཉིས་ནི། ང་རང་སྒེར་ངོས་ནས་འཚམ་ཤོས་སུ་མཐོང་གི་འདུག་ཅིང་། དེ་ཡང་བཀའ་ཟུར་བློ་བཟང་སྙན་གྲགས་ལགས་ཀྱིས་ཁྱོན་མི་ལོ་༣༠ ལྷག་གི་རིང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་སྤྱི་འཐུས་དང་བཀའ་ཤག ཨ་རིའི་དོན་གཅོད། ཨ་རིའི་བོད་ཀྱི་ཐེབས་རྩ་བཅས་སུ་ཕྱག་ལས་གནང་སྟེ། བོད་གཞུང་གི་འཛིན་སྐྱོང་དང་བཅའ་ཁྲིམས། སྲིད་བྱུས་བཅས་ལ་རྒྱུས་མངའ་ཡོད་པར་མ་ཟད། དམིགས་བསལ་རྒྱལ་སྤྱིའི་སྟེང་བོད་དོན་རྒྱབ་སྐྱོར་དང་རོགས་དངུལ་འཚོལ་ཐབས། ལས་གཞི་གསར་སྤེལ། ལམ་དབུ་མར་ངེས་ཤེས་ཟབ་མོ་ཡོད་པ་བཅས་ཀྱིས། སྔར་མེད་ནུས་པ་འདོན་རྒྱུར་ཆ་རྐྱེན་ཚང་ཡོད་པར་ངོས་འཛིན་ཞུ་ཆོག

ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ཀྱིས་མི་ལོ་༢༠ ལྷག་གི་རིང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་སྤྱི་འཐུས་དཀྱུས་མ་དང་ཚོགས་གཙོ་ཐེངས་གཉིས། སྲིད་བྱུས་ཉམས་ཞིབ་འགན་འཛིན། ཨ་རིའི་དོན་གཅོད་བཅས་གནང་སྟེ། འཛིན་སྐྱོང་དང་སྲིད་བྱུས་གང་གི་ཐོག་ཉམས་མྱོང་ཡག་པོ་ཡོད་པ་མ་ཟད། སྤྱི་འཐུས་དང་ཚོགས་གཙོ་གནང་བའི་རིང་། གྲོས་ཚོགས་ཀྱི་རྩིས་ཀྱི་འགྲོ་ལུགས་འཐུས་སྒོ་ཇེ་ཚང་དུ་བཏང་བ་དང་། གྲོས་ཚོགས་སྟངས་འཛིན་ཐོག་སྔར་མེད་ཀྱི་ཚགས་ཚུད་བཟོས་པ། གྲོས་ཚོགས་ཚོགས་ཁང་གསར་རྒྱག་དང་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་བསྟུད་མར་བསྐོང་ཚོགས། བོད་མི་མང་སྤྱི་འཐུས་འཛམ་གླིང་གང་སར་སྐོར་སྐྱོད། རྒྱལ་སྤྱིའི་གནད་ཡོད་མགོ་ཁྲིད་དག་ལ་མཇལ་འཕྲད། བོད་མིའི་མཚོན་རྟགས་སུ་གྱུར་བའི་༧གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་དུས་ཐོག་གདོང་ལེན། གྲོས་ཚོགས་ཀྱིས་སྤྱི་མོས་གཏན་ལ་ཕབ་པའི་ལམ་དབུ་མར་སྲུང་སྐྱོབ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཙིགས་འཛིན་གྱིས་སྲུང་སྐྱོབ། གཞོན་སྐྱེས་མགོ་ཁྲིད་སྐྱེད་སྲིང་ལས་གཞི་གསར་འཛུགས་བྱས་པ་བཅས་ཀྱིས་མ་འོངས་སྲིད་སྐྱོང་འོས་མིར་འཚམ་པོ་འདུག

དེ་བཞིན་བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་ཀྱིས་མི་ལོ་༢༠ རིང་ལྷག་བསམ་རྣམ་དག་གིས་གཞུང་ལ་སྲི་ཞུ་བསྒྲུབས་ཏེ། བཙན་བྱོལ་བོད་མི་དང་རྒྱ་གར་སྤྱི་ཚོགས་ནང་གདེང་འཇོག་ཆེ་ཡང་། རྒྱལ་སྤྱིའི་སྡིངས་ཆའི་ཐོག་ཆབ་སྲིད་འགྱུར་བར་གཞིགས་པའི་ཉམས་མྱོང་དང་བློ་སྤོབས་ཀྱིས་འདང་ངེས་མེད་པའི་ལྟ་ཚུལ་བྱུང་སོང་། དེ་ལྟར་ཡང་ཁོ་མོ་ནི་ནང་སྲིད་དང་ཕྱི་དྲིལ་བཀའ་བློན། ལྡི་ལི་དོན་གཅོད་གང་རུང་ལ་བསྐོ་བཞག་གནང་ན་འཚམ་པོ་འདུག

ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་མི་ལོ་༣༠ རིང་སྤྱི་ཚོགས་ནང་ཞབས་ཞུ་ཞུས་མཐར་མང་ཚོགས་ཀྱི་མགོ་ཁྲིད་བཟང་པོ་ཞིག་ལ་ངོས་འཛིན་ཐོབ་ཡོད་ཀྱང་། སྲིད་སྐྱོང་གི་སྲིད་ཁྲིར་བཞུགས་རྒྱུ་ད་དུང་ཡང་མཁྱེན་ཡོན་དང་འཇོན་ཐང་གང་ཐད་ནས་དུས་ཡུན་གང་འཚམ་འགོར་ངེས་བས། ཁོ་རང་ཆོས་རིག་བཀའ་བློན་ལྟ་བུའི་ལས་གནས་སུ་འཚམ་པོར་མཐོང་།

དེ་ལས་གཞན་པའི་འོས་མི་དབུ་དཀར་ཚང་སྐལ་རྡོར་ལགས་ནི། ལས་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་བློ་འདྲི་ཡུལ་དང་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་འགན་འཛིན་བཅས་ཡིན་པའི་ཆ་ནས། འདས་པའི་མི་ལོ་དུ་མའི་རིང་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་སྐོར་སྐྱོད་ཀྱིས། བཙན་བྱོལ་བོད་མིར་རོགས་དངུལ་ཨ་སྒོར་ས་ཡ་འགའ་ཐོབ་པར་བྱས་པ་མ་ཟད། རོགས་དངུལ་དེའང་ཐད་ཀར་བོད་མིའི་སྒྲིག་འཛུགས་ཀྱི་མཚན་ཐོག་ནས་ལེན་ཆོག་ནས་ཁྲིམས་མཐུན་གནས་བབ་བཟོས་ཏེ་བྱས་རྗེས་ཕྲན་བུ་རེ་བཞག་ཡོད་ལ། ལྔ་དང་ང་བཅུའི་ཚོགས་འདུ་དང་གངས་ལྗོངས་དངུལ་ཁང་བཅས་ནི། སྔར་མེད་གསར་གཏོད་ཀྱི་ལས་གཞིའི་གྲས་ཡིན་པས་ཡི་རང་ཞུ་འོས་ཀྱང་། སྲིད་སྐྱོང་གི་འགན་དབང་ནི་དཔལ་འབྱོར་འཚོལ་སྒྲུབ་ཙམ་མིན་པར་ཆབ་སྲིད་གཙོས་ཁྱོན་ཡོངས་ཀྱི་བོད་མིའི་བདེ་སྡུག་ལ་གཟིགས་དགོས་དུས། ཁོས་སྲིད་སྐྱོང་ལས་གནས་དེ་དང་དུ་ལེན་རྒྱུར་དཀའ་ལས་ཆེ་ཙམ་ཡོད་སྙམ།

མཇུག་ཏུ་འོས་མི་བཀྲ་ཤིས་དབང་འདུས་ལགས་དང་འོས་མི་ཀླུ་མཁར་བྱམས་ལགས། འོས་མི་རྭ་རྒྱ་བསྟན་འཛིན་ལགས་བཅས་དང་། དེ་ལས་གཞན་པའི་སྲིད་སྐྱོང་འོས་མི་སུ་འདྲ་ཞིག་ཡིན་རུང་། མང་ཚོགས་ལ་མང་གཙོའི་གོ་རྟོགས་སྤེལ་ཆེད་འོས་བསྡུའི་ལས་རིམ་ནང་ཞུགས་ན་སྐྱོན་དུ་མི་འགྲོ་མོད། མངོན་སུམ་དང་ལས་འབྲས་ལ་བསྙོན་ནས་༧གོང་ས་མཆོག་ལ་གཞི་མེད་སྐུར་འདེབས་སོགས་བྱས་ན། མང་གཙོའི་ཁེ་དབང་དང་འགལ་འགྲོ་བས་དེར་ཡང་ཚང་མས་ཡིད་གཟབ་གནང་གལ།

མཆན། གོང་གསལ་བསམ་ཚུལ་རྩོམ་ཡིག་དེ་ནི་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་ལྟ་བ་ལངས་ཕྱོགས་ཡིན་པས་མ་ཁྱབ། 

བསྐྱར་བཅོས།: ༢༠༢༠/༠༨/༡༤

Leave a Reply

4 thoughts on “སྲིད་སྤྱིའི་འོས་མིའི་གནས་བབ་ལས་འཕྲོས་པའི་གཏམ་འགའ།

  1. བསོད་ནམས་སྟོབས་རྒྱལ

    གནས་དོན་ཐོག་གཅན་ཚ་དཔལ་ལྡན་ལགས་ཀྱི་བསམ་ཚུལ་ལ་ང་རང་གི་འདོད་ཚུལ་གཅུང་ཞུས་ན།

    གནད་དོན་གསུམ་མམ་ཐོག་མར་བོད་མི་ནང་འཁུལ་མཐུན་ལམ། གཉིས་པ་སྐྱབས་བཅོལ་གནས་ཡུལ་རྒྱ་གར་མི་དམངས་དང་སྲིད་གཞུང་མཉམ་འཆམ་མཐུན། མཐར་འཛམ་གླིང་ནང་བོད་དོན་དུ་རྒྱབ་སྐྱོར་དེ་ཡང་ཨ་རི་སྲིད་གཞུང་བཅས་གསུམ་ཐོག་ཏུ་ཞིབ་ནས་ཞུ་རྒྱུ་ཡིན་ལ་ཁྱེད་ནས་ཀྱང་གཞི་བཅོལ་དེ་འདྲ་གནང་བ་ལྟར་བུ་འདུག
    བཀའ་ཟུར་འབྲོང་ཆུང་ལགས་གནས་དོན་དང་པོ་གཉིས་ཐད་རྒྱུས་མངའ་གོ་རྟོགས་ལྡན་ནའང་གནས་དོན་གསུམ་པའི་ཐད་རྒྱུས་མངའ་ཕྲན་དམའ་བ་བསམ་བཞིན་ནའང་ལས་དོན་མང་པོ་ཞིག་མཉམ་རུབ་གནང་དགོས་སྟབས་ཐབས་ལམ་ཡོད། ཡིན་ཀྱང་གདམ་ཁ་ཡོད་ན་བརྩོད་པའི་ཉེས་སྐྱོན་ཨེ་ཡོད།

    བཀའ་ཟུར་བློ་སྙན་ལགས་དོམ་ཚན་གསུམ་ཆ་ནས་མ་འཐུས་པ་མེད་ཀྱང་གང་ལའང་ལྷག་པ་ཞིག་ངས་ཆེར་མི་ལོན།་གཅན་ཚ་ལགས་ནས། ཨ་རིའི་བོད་ཀྱི་ཐེབས་རྩ་བཅས་སུ་ཕྱག་ལས་གནང་སྟེ། ་་་་་་ དམིགས་བསལ་རྒྱལ་སྤྱིའི་སྟེང་བོད་དོན་རྒྱབ་སྐྱོར་དང་རོགས་དངུལ་འཚོལ་ཐབས། ་་་་་་་ ངོས་འཛིན་ཞུ་ཆོག ཅེས་པར། བོད་ཀྱི་ཐེབས་རྩ་རོགས་དངུལ་འཚོལ་ཡོད་ཀྱང་འབོར་ཆེ་བ་དེ་ཨ་རི་གཞུང་གི་དངུལ་དེ་ཡིན་སྲིད། དེ་ནི་བོད་མིར་དམིགས་པའི་དངུལ་ཡིན།་དེ་ཡང་༸གོང་ས་མཆོག་གི་བཀའ་དྲིན་ལས་ཡིན། བོད་ཀྱི་ཐེབས་རྩ་ནི་བརྒྱུད་ལམ་ཞིག་ཡིན། དམིགས་གསལ་རྒྱལ་སྤྱིའི་སྟེང་བོད་དོན་རྒྱབ་སྐྱོར་སོགས་ཀྱི་རྒྱན་དེ་ཕུལ་ཆེ་བས་ཨ་རི་བོད་ཀྱི་ཐེབས་རྩ་རྒྱུས་མེད་ཚོ་ལམ་ནོར་དུ་འཁྲིད་པའི་སྤྱི་དོན་ལ་གནོད་པའི་ཉེན་མཐོང། ཐེབས་རྩ་ནས་བོད་མིའི་སྤྱི་ཚོགས་སུ་ཕན་ཐོག་གནང་ཡོད་པ་དེ་གནས་ཚུལ་ཁག་ཁག་ཞིག་རེད། དེ་མིན་ཐེབས་རྩར་ཕྱག་ལས་ཇི་ལྟར་རག་ཡོད་མེད་སོགས་མ་ཞུས་ན་དགའ།

    མཐའ་དེར་གླུ་གར་བྱམས་ཀྱིས་མཚན་སྨད་ཞུས་པས་ཡིད་ཟབ་བྱ་གལ་གསུངས་པ་དངོས་གནས་རེད་ཀྱང་བཀའ་སྐྱོན་ཕེབས་པའི་གང་ཟག དེ་ཡང་བཀའ་བཙན་པའི་བཀའ་སྐྱོན་ཕེབས་པའི་དེ་སྔའི་སྲིད་སྐྱོང་འོས་མིར་ཐོན་པ་སྤེན་པ་ཚེ་རིང་ལ་ཚད་མཐོའི་བསྟོད་ར་འདུག་པ་ཁྱད་མཚར་ཤིན་ཏུ་ནས་ཁྱད་མཚར་མ་རེད་དམ། སོ་སོའི་དགའ་ཉེ་ཡིན་ན་ཡང་དག་པའི་དབུ་འཁྲིད་དགོངས་པར་ཡང་བལྟོས་མེད་ཞུས་ནའང་ཆོག་པ་ལྟ་བུ་ནི་ཧང་སངས་ཆེར་ཧང་སངས་། དོན་ཚན་གསུམ་ནས་དང་པོའི་ཐོག་བོད་མི་སྤྱི་དང་འཆོལ་ཁའི་བར་དམན་ཆ་ཆེ། དོན་ཚན་གཞན་གཉིས་སུའང་དེ་ཙམ་ཟེངས་སུ་ཐོན་པ་ཨེ་ཡོད། གོ་མཐོས་སུ་ཨ་རི་ཆེ་མཐོའི་མི་སྣའི་ནང་ནས་ཀྱང་སྐྱོན་བརྗོད་སྙན་གསེང་ཞུས་ཚོད་འདུག དེ་བརྟེན་རང་ངོས་ནས་འོས་མིའི་ཁོངས་མ་འཛུལ་ན་སྤྱི་སྒེར་གཉིས་ཕན་ཆེ་།

    རྒྱ་རི་སྒྲོལ་མ་ལགས་དོན་མཚན་གོང་མ་གཉིས་དང་དམིགས་གསལ་གཉིས་པའི་ཐད་སྤྱི་ཚོགས་ནང་འགའ་ཤས་ལས་མེད་པ་ནས་གཅིག་ཡིན། གནས་དོན་འདི་ང་ཚོའི་ལས་འཆར་ནང་གི་མ་རྩ་ལྟ་བུ་དེ་ཡིན་སྙམ། དོན་ཚན་གསུམ་པའི་ཐད་དངོས་སུ་ཨ་རིར་ཕྱག་ལས་གནང་མེད་ཀྱང་དེ་སྔའི་ལས་རིམ་ནང་མི་སྣ་ཆེ་བ་མང་པོ་དང་འགྲེལ་ལམ་ཡོད་པ་མ་ཟད་རྒྱ་རི་རིན་པོ་ཆེ་ཨ་རིའི་ཆེ་མཐོའི་མི་སྣ་སོགས་ནང་འབྲེལ་ཟབ་ཆེ་བས་དེའི་དགེ་ཕན་ལེན་ཐུབ་ན་ནམ་ལངས་ན་འགྲོ་བདེ་ཟེར་བའི་ཕན་པ་ཅི་ནས་མི་ཡོང། སྐྱེ་མ་ཞིག་དང་དེ་ཡང་ལས་དོན་འགན་འཁུར་ཞུ་ཐུབ་མཁན་ཞིག་ཡིན་དུས་བོད་པ་སྒེར་དང་འཛམ་གླིང་སྤྱིའི་དགོངས་པ་ལའང་ཕྲན་བའི་རམ་འདེགས་ཞིག་ཞུ་ཐུབ་པའི་དགེ་མཚན་དུ་བསྔོ། རང་ངོས་ནས་ཁོ་མ་ལ་དགེ་མཚན་མང་བས་འོས་ཤོས་སུ་ངོས་འཛིན་ལགས།།

  2. རྒྱ་རི་ལ་ རྒྱལ་སྤྱིའི་སྡིངས་ཆའི་ཐོག་ཆབ་སྲིད་འགྱུར་བར་གཞིགས་པའི་ཉམས་མྱོང་དང་བློ་སྤོབས་ཀྱིས་འདང་ངེས་མེད་ཟེར། ཡང་ཕྱི་དྲིལ་བཀའ་བློན། ལྡི་ལི་དོན་གཅོད་གང་རུང་ལ་བསྐོ་བཞག་གནང་ན་འཚམ་པོ་འདུག་ཟེར། ཁེ་མཚར་འདྲ་ཞིག་མཐོང་སོང།

  3. ཀ་རིང་དོན་གོ

    རྩོམ་པ་པོ་གཅན་ཚ་དཔལ་ལྡན་ལགས་ལ་བཀའ་དྲིན་ཆེ་ཞུ་འདོད་བྱུང་། འདི་ལྟར་ཡོངས་ཁྱབ་ཐོག་རད་ཉིད་སྒེར་གྱི་བསམ་ཚུལ་ཀུན་པོའི་མིག་ལམ་དུ་བཀྲམ་པ་དེ་ཧ་ཅང་ཡག་པོ་འདུག་བསམ་སོང་། གསར་འགོད་པའི་ཕྱག་ལས་གནང་མྱོང་མཁན་ཞིག་དང་ནམ་རྒྱུན་སྤྱི་ཚོགས་ལ་དོ་སྣང་བྱེད་བཞིན་པའི་མི་དེ་འདྲ་ས་མི་འདུག ངོ་སོ་བསྟོད།