དེ་རིང་ནས་དཀྱིལ་ཤར་རྒྱལ་ཁབ་ཁག་ཞི་བདེའི་ཕྱོགས་སུ་བསྐྱོད་རྒྱུ་རེད་ཅེས་བསྒྲཊ།

མི་ལོ་ ༧༠ ལྷག་རིང་འཁྲུག་རྩོད་བྱས་པའི་ཨི་ཟི་རལ་དང་ཨ་རབ་སྤྱི་མཐུན་རྒྱལ་ཚོགས་(UAE)གཉིས་བར་གྱི་ས་མཚམས་གནད་དོན་ཞི་འགྲིག་ཡོང་བར་གྲོས་འཆམ་བྱུང་།དེ་རིང་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གི་བར་འདུམ་འོག ཨི་ཟི་རལ་དང་ཨ་རབ་སྤྱི་མཐུན་རྒྱལ་ཚོགས་(UAE)གཉིས་བར་གྱི་འདས་པའི་ལོ་ངོ་ ༧༢ རིང་གི་ས་མཚམས་རྩོད་རྙོག་གི་དཀའ་ངལ་ཞི་འགྲིག་བྱས་ཏེ། ཕྱོགས་ཡོངས་ཀྱི་རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་མཐུད་རྒྱུ་ཡིན་པ་ཡོངས་བསྒྲགས་བྱས་ཡོད་པ་དང་། ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་ནས་གྲོས་མཐུན་དེ་ནི་དཀྱིལ་ཤར་ཡུལ་གྲུའི་རྒྱལ་ཁབ་ཁག་ཞི་བདེའི་ཕྱོགས་སུ་བསྐྱོད་རྒྱུ་མགོ་བརྩམས་པ་ཡིན་པའི་འགྲེལ་བརྗོད་གནང་འདུག

ཐེངས་འདིའི་ཞི་མཐུན་གྲོས་མོལ་ཁྲོད། ཨི་ཟི་རལ་གཞུང་གིས་ (West Bank )ཁུལ་གྱི་ས་ཆ་བདག་བཟུང་མཚམས་འཇོག་རྒྱུ་དང་། ཨ་རབ་སྤྱི་མཐུན་རྒྱལ་ཚོགས་ཀྱིས་ཨི་ཟི་རལ་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱས་ཏེ། ད་སྔ་བར་ཨི་ཟི་རལ་ལ་རྒྱལ་འབྲེལ་མེད་པའི་ཨ་རབ་རྒྱལ་ཁབ་ཁག་གིས་ཨི་ཟི་རལ་ལ་རྒྱལ་འབྲེལ་འཛུགས་རྒྱུ་བྱས་ཡོད་པ་རེད།

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གི་བུ་མོ་ཨ་བན་ཀ་ཊོམ་ཕུ་ལགས་སྒེར་གྱི་དྲ་ཐོག་ཏུ་རྒྱལ་ཁབ་གཉིས་ཀྱི་མཉམ་འབྲེལ་ཐད་བསྒྲགས་གཏམ་སྤེལ་བའི་ནང་། ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གི་ལམ་སྟོན་དང་ཨ་རབ་སྤྱི་མཐུན་རྒྱལ་ཚོགས་དང་ཨི་ཟི་རལ་གཉིས་ནས་མོས་མཐུན་གནང་སྟེ། ཨི་ཟི་རལ་དང་ཨ་རབ་རྒྱལ་ཁབ་བར་གྱི་ལོ་རྒྱུས་ལྡན་པའི་འཁོན་འཛིང་དོར་ཏེ། ཨ་རིའི་སྲིད་འཛིན་གྱི་ལམ་སྟོན་གཞིར་བཟུང་། ཕྱོགས་གཉིས་ནས་ས་མཚམས་རྩོད་རྙོག་མཚམས་འཇོག་ཙམ་མ་ཟད། དཀྱིལ་ཤར་ཡུལ་གྲུ་དང་ཁ་ཆེ་ཡུལ་ལུང་གཞན་གྱི་འབྲེལ་ལམ་ཡང་འཕེལ་རྒྱས་གཏོང་བར་གདེང་ཚོད་དང་མཉམ་ལས་བྱ་རྒྱུ་ཡིན། ཞེས་བརྗོད་འདུག

ཐེངས་འདིའི་གྲོས་ཆོད་ནང་། ཨ་རབ་དང་ཨི་ཟི་རལ་གྱི་འབྲེལ་ལམ་ཡོངས་རྫོངས་བཏང་སྙོམས་སུ་གྱུར་ཡོད་ཟེར་བ་ཙམ་མ་ཡིན་པར། འབྱུང་འགྱུར་གྱི་གཟའ་འཁོར་ནང་ཨ་རབ་དང་ཨི་ཟི་རལ་གྱི་གནད་ཡོད་མི་སྣ་ཁག་འདུ་འཛོམས་བྱས་ཏེ། ཨ་རབ་དང་ཨ་ཟི་རལ་བར་མ་འཛུགས་དང་ཡུལ་སྐོར་སྤྲོ་འཆམ། འགྲུལ་སྐྱེལ་གནམ་གྲུའི་ཞབས་ཞུ། བདེ་འཇགས། ཁ་པར་འབྲེལ་མཐུད་དང་འཕྲུལ་རིགས། ནུས་རྫས་དང་འཕྲོད་བསྟེན། རིག་གཞུང་། དེ་བཞིན། ཁོར་ཡུག་དང་གཞུང་ཚབ་སོགས་གྱི་འབྲེལ་ལམ་བཙུགས་ཏེ། ཕྱོགས་གཉིས་ལ་ཐུན་མོང་གི་ཁེ་ཕན་བསྐྲུན་རྒྱུའི་འཆར་གཞི་དང་། དཀྱིལ་ཤར་ཡུལ་གྲུའི་རྒྱལ་ཁབ་ཁག་གི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་སོགས་འཕེལ་རྒྱས་གཏོང་འདོད་ཡོད་སྐོར་བཀོད་འདུག

པ་ལི་སི་ཐན་དང་ཨི་ཟི་རལ་བར་རྩོད་རྙོག་ཏུ་གྱུར་བའི་(West Bank)ཁུལ་གྱི་བདག་དབང་དང་འབྲེལ་ཨི་ཟི་རལ་གྱི་སྲིད་བློན་ནེ་ཊན་ཡ་ཧོ་(Mr Netanyahu)ལགས་ཀྱིས། ཨ་རིའི་གོ་སྒྲིག་གཞིར་བཟུང་། ངས་(Judea)དང་(Samaria)ས་ཁུལ་བདག་དབང་རྩོད་རྒྱུ་མཚམས་འཇོག་བྱེད་པར་འགྱུར་བ་མེད། ཅེས་ཁུལ་དེའི་ས་མཚམས་རྩོད་རྙོག་མཚམས་འཇོག་བྱེད་པར་གྲོས་ཆོད་ཀྱི་ནང་དོན་གཞིར་བཟུང་ལངས་ཕྱོགས་བརྟན་པོ་ཡོད་པ་དང་།ཁོས་ད་དུང་ཨི་ཟི་རལ་དང་ཨ་རབ་གཉིས་མཉམ་འབྲེལ་ཐོག་ནས་ཏོག་དབྱིབས་ནད་ཡམས་ལ་གདོང་ལེན་དང་སྔོན་འགོག ཆུ་དང་ཁོར་ཡུག་སོགས་ཁྱབ་ཁོངས་འདྲ་མིན་གྱི་སྡེ་ཚན་ཁག་གི་ཐོག་ལས་ཀ་བྱེད་རྩིས་ཡོད་སྐོར་བརྗོད་ཡོད་པ་རེད།

ཐེངས་འདིའི་གྲོས་མཐུན་ཐད། པ་ལི་སི་ཐན་གྱི་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པས། ཨ་རབ་སྤྱི་མཐུན་རྒྱལ་ཚོགས་ཀྱིས་ཇོར་སཱ་ལིམ་ (Jerusalem)གྱི་བདག་དབང་དང་པ་ལི་སི་ཐན་གྱི་འཐབ་རྩོད་བཙོང་བ་རེད། ཅེས་སྐྱོན་བརྗོད་བྱས་ཡོད་པ་དང་། ཐེངས་འདིའི་གྲོས་ཆོད་ནང་འདས་ལོ་ནས་ཨ་རིས་ཨི་ཟི་རལ་གྱི་རྒྱལ་ས་རུ་ངོས་འཛིན་བྱེད་བཞིན་པའི་ཇོར་སཱ་ལིམ་གྱི་གནས་རྩ་ཆེན་ཁག་ཏུ།  ཨ་རབ་དཀྱིལ་ཤར་ཡུལ་གྲུའི་རྒྱལ་ཁབ་ཁག་གི་མི་མང་ལྟ་སྐོར་དང་གནས་མཇལ་སླད་ཡོང་ཆོག་གི་ཡོད་པར་བཟོས་ཡོད་འདུགདཔྱད་བརྗོད་པ་ཚོས། འདི་ལོའི་ཕྱི་ཟླ་ ༡༡ ནང་ཨ་རིའི་སྲིད་འཛིན་གྱི་འོས་བསྡུ་བྱ་རྒྱུ་ཡིན་སྟབས། ཐེངས་འདིའི་ཞི་མཐུན་གྲོས་མོལ་དེ་ནི་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་ལ་མཚོན་ན་ཕྱི་སྲིད་ཀྱི་རྒྱལ་ཁ་གལ་ཆེན་ཞིག་ཆགས་ཡོད་པ་དང་། དེ་བཞིན། དེང་སྐབས་ཨི་ཟི་རལ་གྱི་སྲིད་བློན་ལ་ལྐོག་ཟ་རུལ་སུངས་ཀྱི་སྐྱོན་འཛུགས་བྱེད་བཞིན་ཡོད་པར་བརྟེན། ཁོང་ལ་མཚོན་ནའང་རྒྱལ་ཁ་ཞིག་ཏུ་གྱུར་ཡོད་སྐོར་བརྗོད་འདུག

ཐེངས་འདིའི་གྲོས་མཐུན་ཐད་འཛམ་གླིང་མགོ་འཁྲིད་མང་དག་ཅིག་གིས་དགའ་བསུ་ཞུ་ཡི་ཡོད་པ་དང་། དབྱིན་ཡུལ་སྲིད་བློན་བྷོ་རེ་སི་ཇོན་སན་ལགས་ཀྱིས། ཨི་ཟི་རལ་གཞུང་གིས་ (West Bank)ཁུལ་གྱི་ས་ཆ་བདག་བཟུང་མི་བྱེད་རྒྱུ་ནི་ངའི་རེ་སྙེག་ཆེ་ཤོས་དེ་ཡིན་ལ། དེ་རིང་ས་ཆ་དེ་དག་གི་བདག་དབང་རྩོད་མཚམས་འཇོག་རྒྱུ་བྱས་པ་ནི་དཀྱིལ་ཤར་ཡུལ་གྲུ་ཁག་ཏུ་སྔར་ལྷག་གི་ཞི་བདེ་ཡོང་གཞི་ཞིག་ཆགས་ཡོད། ཅེས་བསྔགས་བརྗོད་དང་། ཨི་ཇབ་ཀྱི་སྲིད་འཛིན་ཨབ་ཌོལ་(Abdul Fattah al-Sisi)ལགས་ཀྱིས། གྲོས་མཐུན་དེས་དཀྱིལ་ཤར་ཡུལ་ལུང་ཁག་ཏུ་ཞི་བདེའི་གྲོས་མོལ་བསྐྲུན་རྒྱུར་སྐུལ་འདེད་གཏོང་གི་ཡོད། ཅེས་དགའ་བསུ་ཞུས་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༨/༡༤

Leave a Reply