བཀའ་ཟུར་བློ་བཟང་སྙན་གྲགས་སྲིད་སྐྱོང་འོས་མིར་ལངས་བ་ཡོངས་ཁྱབ་གསལ་བསྒྲཊ་གནང་།  

ཁ་སང་ཕྱི་ཚེས་ ༡༥ ཉིན་བཀའ་ཟུར་བློ་བཟང་སྙན་གྲགས་ལགས་ནས་ཁོང་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་མིར་ལངས་བ་ཡོངས་ཁྱབ་གསལ་བསྒྲགས་གནང་།ཡོངས་ཁྱབ་གསལ་བསྒྲགས་ནང་ཁོང་གིས། བོད་མིའི་འཐབ་རྩོད་ཀྱི་ལོ་རྒྱུས་ནང་ད་ལྟའི་དུས་སྐབས་འདི་ནི་ད་བར་གྲུབ་འབྲས་རླབས་པོ་ཆེ་མང་པོ་ཞིག་འདོན་ཐུབ་ཡོད་པ་དེ་རྣམས་གོང་འཕེལ་གཏོང་རྒྱུའི་དུས་སྐབས་བཟང་པོ་ཤིག་དང་། ཡང་ཕྱོགས་གཞན་ཞིག་ཏུ་ང་ཚོར་སྤྱིའི་རྩ་དོན་ལ་ཕན་མེད་གནོད་སྐྱེལ་གྱི་གནད་དོན་ཁག་ཅིག་ལ་གདོང་ལེན་བྱ་དགོས་པའི་གཉན་འཕྲང་གི་དུས་ཚོད་ཅིག་ཀྱང་ཡིན་པས། རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་འཚོ་གནས་ལ་འཐབ་རྩོད་བྱེད་བཞིན་པའི་མི་རིགས་ཤིག་གི་ངོས་ནས་བྱས་ན། ཚང་མས་མདུན་དུ་ཐོན་ནས་ལས་དོན་འགན་བླངས་ཏེ་རང་རེ་བོད་མི་རྣམས་ཀྱི་བདེ་རྩ་དང་འབྱུང་འགྱུར་མི་རབས་གསར་པའི་མདུན་ལམ་ཆེད་རང་ནུས་གང་ཐོན་གྱིས་ལས་འགན་སྒྲུབ་དགོས་པའི་དུས་སྐབས་ཤིག་ཡིན།

རང་ཉིད་ནས་ཀྱང་ད་ལྟའི་སྤྱི་ཚོགས་ཀྱི་དགོས་མཁོ་དང་གཉན་འཕྲང་གི་དུས་ཚོད་ངོས་འཛིན་གྱིས། ཕྱི་ལོ་ ༢༠༢༡ གི་སྲིད་སྐྱོང་གི་འོས་མི་ལང་རྒྱུའི་ཐག་གཅོད་བྱས་པ་ཡིན། སྲིད་སྐྱོང་གི་འགན་འཁུར་ནི་ལས་སླ་པོ་ཞིག་མིན་པར། དེ་ནི་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཡོངས་ནས་བརྩི་བཀུར་ཞུ་བཞིན་པའི་བོད་མིའི་ཆབ་སྲིད་ཀྱི་འགོ་ཁྲིད་མཐོ་ཤོས་དེ་ཡིན་པ་དང་། དེ་ལྟ་བུའི་ལས་འགན་ལྗི་པོ་ཞིག་སྒྲུབ་པར་ཕྱི་ནང་ཆབ་སྲིད་འཛིན་སྐྱོང་གི་ཉམས་མྱོང་དང་། ལྷག་བསམ་ལྡན་པའི་མི་ཞིག་དགོས་ཀྱི་ཡོད་པ་རེད། ཅེས་བཀོད་འདུག

ཁོང་གི་ལོ་རྒྱུས་མདོར་བསྡུས་བཀོད་པའི་ནང་། རང་ཉིད་ལ་མཚོན་ན། འདས་པའི་མི་ལོ་༣༠ རིང་། ༧གོང་ས་མཆོག་གི་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཀྱི་འགན་ཁུར་ཞུས་པའི་བརྒྱུད་རིམ་ནང། ཨ་མི་རི་ཀའི་གཞུང་དང་གྲོས་ཚོགས་འཐུས་མི་གཙོས་པའི་ཆེས་མཐོའི་མི་སྣར་བོད་དོན་འབྲེལ་འཐུད་ཞུས་པའི་ཉམས་མྱོང་མི་དམན་པ་ཞིག་བསག་རྒྱུའི་གོ་སྐབས་དང་། དེའི་གོང་དཔལ་ལྡན་བཀའ་ཁྲི་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་འཛིན་སྐྱོང་གནང་བའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ནང་དཔལ་འབྱོར་དང་ཕྱི་དྲིལ།  འཕྲོད་བསྟེན་བཀའ་བློན་བྱས་ཏེ་རང་ནུས་གང་ཡོད་ཀྱིས་གལ་ཆེའི་ལས་དོན་སྣེ་མང་ཞིག་ལ་འགན་འཁུར་གྱིས་ཐུགས་ཕན་གསོ་བའི་ལས་དོན་གྲུབ་འབྲས་མི་ཆུང་བ་ཞིག་བཞག་ཐུབ་པ་བྱུང་སྙམས་པའི་སྤོབས་པ་ཡང་ཡོད།

ཕྲན་ནས་མི་ལོ་༣༠ ལྷག་རིང་ཐོག་མར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མིའི་ལས་འཁུར་གྱིས་གཞི་རིམ་མང་ཚོགས་ཁྲོད་སྤྱི་ཚོགས་ཀྱི་ལས་འཁུར་འགོ་འཛུགས་ཀྱིས་རིམ་པས་བཀའ་བློན་དང་སྤྱི་འཐུས་སུ་འདེམས་ཐོན་གྱིས་ཞབས་ཕྱི་ཞུ་རྒྱུ་བྱུང་བ་མང་པོས་ཤེས་ཀྱི་ཡོད་པར། ངོས་ནས་རང་གི་ལས་དོན་འགན་འཁུར་ནང་དུས་དང་རྣམ་པ་ཀུན་ཏུ་བོད་དང་བོད་མིའི་ཁེ་ཕན་གཙོ་བཟུང་གིས་ལྷག་བསམ་རྣམ་དག་གི་སྒོ་ནས་ཞབས་ཞུ་བསྒྲུབ་དང་སྒྲུབ་བཞིན་ཡོད།

རང་ཉིད་ནས་ལས་དོན་འགན་འཁུར་ཞུས་པའི་ནང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་བྱས་ཏེ་རྒྱལ་སྤྱིའི་གླེང་སྟེགས་ཁག་གི་ཐོག་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྩོད་ལེན་གྱིས་གནས་སྟངས་ཡར་རྒྱས་ཡོང་ཐབས་ལ་ཤུགས་སྣོན་རྒྱག་རྒྱུ་བྱུང་བ་མ་ཟད། ཨ་རི་བོད་ཀྱི་ཐེབས་རྩའི་ཚོགས་གཙོ་དང་འགན་འཛིན་གྱི་འགན་འཁུར་ཐོག་རང་རེའི་སྤྱི་ཚོགས་ཀྱི་ལས་འཆར་དགོས་མཁོ་མང་དག་ཅིག་ལ་རོགས་དངུལ་ཐབས་འཚོལ་བྱ་རྒྱུའི་གོ་སྐབས་བྱུང་། ཅེས་བཀོད་འདུག

ཡང་ཁོང་གིས། འབྱུང་འགྱུར་གྱི་ལོ་བཅུའི་དུས་ཡུན་དེ། རང་རེ་བོད་མིའི་རྩ་དོན་ལ་ཆེས་གཉན་འཕྲང་གི་དུས་ཚོད་ཅིག་ཆགས་ཀྱི་ཡོད་པ་དང་། ད་ལྟའི་དུས་སུ་བོད་ནང་མཚོན་ན། བོད་མི་ཚོས་བློས་གཏོང་ཆེན་པོ་བྱས་ཏེ་མཐར་རང་གི་སྐུ་ལུས་མེ་བསྲེག་བཏང་སྟེ་བོད་ཀྱི་བདེན་དོན་ལ་འཐབ་རྩོད་བྱེད་ཀྱི་ཡོད་པ་མ་ཟད། ༧གོང་ས་མཆོག་ཞལ་མཇལ་གསུང་ཐོས་པའི་སྐལ་བཟང་གི་གོ་སྐབས་དེར་ངང་སྒུག་བྱེད་བཞིན་ཡོད་པས། དེ་ལྟར་ཡོང་བར་ང་ཚོས་རྒྱ་ནག་དང་བོད་དོན་དཀའ་རྙོག་སེལ་དགོས་པ་དེ་ནི་གནད་གྱི་གཙོ་བོ་དེ་འགྱུར་ཡོད་པ་རེད།

ལས་དོན་དེ་ལས་སླ་པོ་ཞིག་མིན་ལ། མི་རེ་གཉིས་ཤིག་གིས་བྱེད་ཐུབ་པའི་ལས་དོན་ཞིག་མིན་པར། དེའི་ཐད་མང་ཚོགས་ཡོངས་ཀྱི་ནུས་པ་མཉམ་དཔུང་བྱ་དགོས་པ་ཞིག་ཡིན། ལས་དོན་སྣེ་ཁྲིད་བྱེད་མཁན་གྱི་འགོ་འཁྲིད་ཀྱང་ཉམས་མྱོང་དང་འཇོན་ཐང་ཅན་ཞིག་དགོས་ཀྱི་ཡོད་པས། གལ་ཏེ་མང་ཚོགས་ནས་ངོས་ལ་རྒྱབ་སྐྱོར་དང་ཡིད་ཆེས་གནང་བ་ཡིན་ན། རང་ཉིད་ནས་ལས་དོན་དེའི་འགན་འཁུར་ལྷག་བསམ་རྣམ་དག་གི་དྲང་བདེན་ངང་ཞབས་ཞུ་སྒྲུབ་རྒྱུ་ཡིན། ངས་རྣམ་པ་ཚོར་གུས་པར་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་ཞུ་ཡི་ཡོད་ལ། རང་གི་ངོས་ནས་གལ་ཏེ་སྲིད་སྐྱོང་ལ་འོས་འདེམས་བྱུང་བ་ཡིན་ན། འཛིན་སྐྱོང་གི་ལས་དོན་དྲང་པོ་དང་ཕྱི་གསལ་ནང་གསལ།  མི་མང་མཉམ་འཁྲིད་ཀྱི་ཐོག་ནས་སྐྱོང་རྒྱུའི་ཁས་ལེན་གཙང་མ་ཞུ་རྒྱུ་ཡིན། ཞེས་བཀོད་འདུག

བསྐྱར་བཅོས།: ༢༠༢༠/༠༨/༡༦

Leave a Reply

2 thoughts on “བཀའ་ཟུར་བློ་བཟང་སྙན་གྲགས་སྲིད་སྐྱོང་འོས་མིར་ལངས་བ་ཡོངས་ཁྱབ་གསལ་བསྒྲཊ་གནང་།  

  1. དུས་རབས་ཀྱི་བུས་དགོངས་ཚུལ་ཡག་པོ་གསུང་འདུག དགོངས་ཚུལ་དེ་སྲིས་སྐྱོང་འོས་མི་ཚང་མར་ཆ་སྙོམས་བྱེད་ནས་འདྲི་ཐུབ་ན་བཟང་།

    སྤྱིར་སྟངས་སྐུ་ངོ་བློ་བཟང་སྙན་གྲགས་ལགས་ཁོང་ནི། ཤེས་འཇོན་དང་ཉམས་མྱོང་། དེང་རབས་དང་གནའ་རབས་གཉིས་ཀའི་ལམ་སྲོལ་ལ་བྱང་ཆུབ་པ། ཆོས་དང་འཇིག་རྟེན་གཉིས་ཀར་མཁྱེན་རྒྱ་ཡངས་པ། ཆོལ་ཁ་རིས་སུ་མ་མཆིས་པ་ནས་རྩིས་བཀུར་དང་མོས་པ་ཡོད་པ་བཅས་ཡིན་སྟབས། ངེས་པར་བཀའ་འབབས་ཀྱི་སྲིད་སྐྱོང་འོས་ཞིང་མཚམས་པ་རེད་འདུག་བསམ།

  2. དུས་རབས་ཀྱི་བུ།

    ངའི་འོས་མི་ནི། བརྡ་འཕྲིན་གྱི་ལམ་ནས་རྒྱ་ནག་ལ་ཞི་དྲག་གཉིས་ལྡན་ཐོག་དམག་རྒྱག་ཐུབ་མཁན་དང་། ཇུས་ལན་ཇུས་ཀྱིས་མཇལ་ཐུབ་མཁན་ཞིག་དགོས། བཀའ་ཟུར་མཆོག་ནི་དེ་ཐུབ་མིན་ལན་ཞིག་གནང་རོགས། གངས་ཅན་སྐྱིད་ཤོངས་ལ་མི་གྲངས་ ༣༠༠ ཅན་གྱི་བརྡ་འཕྲིན་ལྟེ་གནས་ Information Center འཛུགས་ཐུབ་བམ། ??? དེ་འདྲ་ཞིག་འཛུགས་ཀྱི་ཡིན་ཟེར་མཁན་སྲིད་སྐྱོང་ཞིག་བྱུང་ཚེ་ངའི་འོས་ཤོག་བརྒྱ་ཆ་བརྒྱ་ཐམ་པ་དེ་ལ་འཕེན་ངེས་ཡིན།

    དཔེར་ན། མི་གྲངས་ ༣༠༠ ཅན་གྱི་བརྡ་འཕྲིན་ལྟེ་གནས་དེའི་ནང་སྡེ་ཚན།
    ༡༽ བོད་ནང་གི་གནས་ཚུལ་མཁོ་སྒྲུབ་སྡེ་ཚན།
    ༢༽ རྒྱ་ནག་གི་གནས་ཚུལ་མཁོ་སྒྲུབ་སྡེ་ཚན།
    ༣༽ རྒྱ་ནག་མི་མང་ལ་བོད་དོན་ངོ་སྤྲོད་སྡེ་ཚན།
    ༤༽ གཞིས་ལུས་བོད་མི་འབྲེལ་གཏུགས་སྡེ་ཚན།
    ༥༽ འཛམ་གླིང་མི་མང་ལ་བོད་དོན་ངོ་སྤྲོད་སྡེ་ཚན།
    ༦༽ དྲ་དམག་སྡེ་ཚན།
    ༧༽ ཆེས་མཐོའི་གློག་ཀླད་ཚན་རྩལ་སྡེ་ཚན།
    ༨༽ ཇུས་འགོད་སྡེ་ཚན།
    ༩༽སིམ་འཛུལ་འགོག་རྒོལ་སྡེ།
    ༡༠༽ དྲ་དམངས་སྣེ་ཁྲིད་སྡེ་ཚན་སོགས་དགོས་ཀྱི་ཡོད།
    ཞིབ་ཕྲ་གནས་ཚུལ་རིམ་བཞིན་ཞུས་ཆོག