ཨུ་རུ་སུའི་ཏོག་ནད་སྨན་ཁབ་གསར་པ་དང་བོད་སྨན་གྱི་ཕན་འབྲས།

འདས་པའི་ཟླ་ ༩ ཙམ་ནང་བོད་སྨན་བསྟེན་པའི་ཏོག་དབྱིབས་ནད་པ་གཅིག་ཀྱང་འདས་གྲོངས་སུ་སོང་མེད་པ་མ་ཟད་ནད་པ་ཕལ་མོ་ཆེ་བདུན་ཕྲག་གཅིག་གམ་གཉིས་ནང་ཚུན་དྲག་སྐྱེད་བྱུང་ཡོད་འདུགཨུ་རུ་སུའི་ནང་ཏོག་དབྱིབས་གཉན་རིམས་ཀྱི་སྨན་ཁབ་ལེགས་འགྲུབ་བྱུང་ཡོད་པའི་གནས་ཚུལ་ཐོན་ཡོད་པ་ལྟར། འདི་ག་བོད་ཀྱི་དུས་བབ་གསར་འགོད་པས་ཨུ་རུ་སུའི་ནང་གནས་སྡོད་བོད་རིགས་སྨན་པ་ཡར་འཕེལ་ལགས་སུ་དེའི་སྐོར་དྲིས་པར་ཁོང་གིས། ཉིན་ཤས་སྔོན་ཨུ་རུ་སུས་ཏོག་དབྱིབས་ནད་ཡམས་(Covid -19)ལ་འགོག་སྨན་གསར་བཟོ་ལེགས་གྲུབ་བྱུང་ཚུལ་སྲིད་འཛིན་པུ་ཌིན་མཆོག་ནས་འཛམ་གླིང་ལ་གསལ་བསྒྲགས་གནང་བ་དེ། འདས་པའི་ཟླ་ངོ་དགུ་ཙམ་གྱི་རིང་འཛམ་གླིང་རྒྱལ་ཁབ་ཁག་གི་ནང་སྨན་གྱི་བཟོ་གྲྭ་དང་ཚན་རིག་སྡེ་ཁག་བརྒྱ་ལྷག་གིས་འབད་བརྩོན་ཆེན་པོས་ཏོག་དབྱིབས་ནད་ཡམས་འགོག་སྲུང་སྨན་གསར་བཟོ་ཚོད་ལྟ་བྱས་དང་བྱེད་བཞིན་པའི་ཁྲོད་ནས་ལེགས་འགྲུབ་བྱུང་བ་ཐོག་མ་དེ་ཆགས་ཡོད་པ་དང་། དེས་ཨུ་རུ་སུའི་ཚན་རིག་གི་གནས་ཚད་འཛམ་གླིང་གི་སྔོན་ཐོན་གྲས་སུ་ཡོད་པ་མཚོན་ཡོད། སྔོན་འགོག་སྨན་ཁབ་དེ་གསར་བཟོ་ལེགས་གྲུབ་བྱུང་མ་ཐག་ཡིན་པས་བཟོ་སྐྲུན་ཐོན་འབོར་དང་ཕན་ནུས་སྐོར་ཞིབ་རྒྱས་ཞུ་ཚོད་མི་ཐིག་ནའང་། གསར་ལམ་ཁག་ཏུ་ཐོན་བཞིན་པའི་གནས་ཚུལ་ལྟར་ན། འགོག་སྨན་དེ་སྤྱི་ཚོགས་ཐོག་བཀྲམས་སྟངས་ནི། དང་པོ་སྨན་པ་དང་ནད་གཡོག དགེ་རྒན། སྤྱི་ཚོགས་འཕྲོད་ལས་ཞབས་ཞུ་བ་སོགས་རེད་འདུག དེ་ནས་རིམ་པས་ཐོན་འབོར་ལ་གཞིགས་ཏེ་སྤྱི་ཚོགས་ཁྱོན་ཡོངས་སུ་འགྲེམས་སྤེལ་བྱེད་འཆར་རེད་འདུག ཏོག་དབྱིབས་ནད་ཡམས་ཀྱི་འགོག་སྨན་གསར་བཟོ་ལེགས་གྲུབ་བྱུང་བ་དེ་འཛམ་གླིང་གི་འཕྲོད་བསྟེན་ལ་མཚོན་ན་དགའ་སྤོབས་སྐྱེས་དགོས་པའི་གྲུབ་འབྲས་ཤིག་རེད། ཅེས་བརྗོད་བྱུང་།

ཨུ་རུ་སུ་གཞུང་ནས་བཀའ་འཁྲོལ་ཐོབ་པ་བརྒྱུད་བོད་རིགས་སྨན་པ་ཡར་འཕེལ་ལགས་ཀྱིས་འདས་པའི་ཟླ་བ་མང་པོར་ཡུལ་དེའི་ནང་ཏོག་དབྱིབས་ནད་པ་མང་པོར་བོད་སྨན་གྱིས་སྨན་བཅོས་གནང་ཡོད་པ་དང་། བོད་སྨན་གྱིས་ཕན་འབྲས་ཅི་ཙམ་ཐོན་ཡོད་པའི་སྐོར་ལ་ཁོང་གིས། ཟླ་བ་དགུ་ཙམ་གྱི་དུས་ཡུན་རིང་ཏོག་དབྱིབས་ནད་ཡམས་འཛམ་གླིང་ཤར་ནུབ་རྒྱལ་ཁབ་ཉིས་བརྒྱ་མ་ཟིན་ཙམ་གྱི་ནང་ལ་ཁྱབ་གདལ་ཕྱིན་པ་དང་། རྒྱལ་ཁབ་དེ་དག་གི་ནང་ནད་པའི་གྲངས་འབོར་འཕར་ཚད་ཧ་ཅང་མགྱོགས་པོར་འགྲོ་བཞིན་པའི་གནས་སྟངས་འོག ཕྱི་ལུགས་ལ་གནས་སྐབས་རིང་བླ་གཉན་ནད་རྟགས་གཅོག་བྱེད་ཀྱི་གཉན་འཇོམས་ཙམ་ལས། ཏོག་དབྱིབས་ནད་ཡམས་འདིར་སྨན་བཅོས་དང་སྔོན་འགོག་ཁབ་སོགས་གང་ཡང་མེད་པ་ཡིན་དུས། ཨུ་རུ་སུའི་རྒྱལ་ཕྲན་བྷུ་རེ་ཡཱ་ཐུའི་གཞུང་གི་སྨན་ཁང་ཆེན་མོ་གཉིས་དང་། སྤྱི་ཚོགས་ཚན་རིག་ཁང་བཅས་ནས་ང་ལ་ཏོག་དབྱིབས་ནད་དུག་ཕོག་པའི་ནད་པར་བོད་སྨན་སྤྲད་ནས་ཕན་འབྲས་ཐོན་མིན་ཚོད་ལྟ་བྱེད་པར་ཆོག་མཆན་གནང་བ་བཞིན། གཞུང་གི་སྨན་ཁང་ནང་ཟུར་བཅད་དུ་ཡོད་པི་ནད་པ་ ༣༡༢ ལ་ཕྱི་ལུགས་དང་ཟུང་འབྲེལ་གྱིས་སྨན་བཅོས་བྱས་ཤིང་། ཟུར་བཀག་མི་བརྒྱད་ལ་འགོག་བཅོས་དང་ཟུངས་སྟོབས་གསོ་བྱེད་ཀྱི་གསོལ་སྨན་ཕུལ་ཡོད། དེར་མ་ཟད་ཕྱི་རྒྱུད་ནས་གསུངས་པའི་རིམས་སྲུང་རྡོ་རྗེ་ཕ་ལམ་གྱི་ཕྱེ་ཐུམ་བཞི་སྟོང་ལྷག་བཟོས་ཏེ་མང་ཚོགས་ཁྲོད་འགྲེམས་སྤེལ་བྱས་ཡོད།ཅེས་བརྗོད་བྱུང་།

ཁོང་གིས་མུ་མཐུད། བོད་ཀྱི་གསོ་བ་རིག་པའི་གཉན་རིམས་བཅོས་ཐབས་ཞིབ་རྒྱས་སུ་འཁོད་པའི་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་མན་ངག་ལྷན་ཐབས་དང་། ཀོང་སྤྲུལ་ཡབ་སྲས་ཀྱི་ཟིན་ཏིག་ཁག མགོ་ལོག་སྨན་པ་ཁམས་གཙང་འབྲུག་རྒྱས་ཀྱི་གཉན་རིམས་ནག་པོ་སུམ་སྒྲིལ་བཅོས་ཐབས་ཉམས་ཡིག་ཁག་གཞིར་བཟུང་། ཐོག་མར་གཉན་གྱི་རི་བོ་བསྙིལ་བ་སྟེ་གཉན་འཇོམས་བྱེད་པར་སྨན་སྤང་རྩི་བཅུ་གཉིས་དང་རྟ་ཟི་དམར་པོ། དེ་རྗེས་ཚད་པ་གཅོག་པར་གཙོ་བོ་ཉེར་ལྔ་དང་འཕྲུལ་ཐང་སོགས་བཏང་བ་དང་། མཇུག་དུ་རླུང་འཇོམས་པ་དང་རྗེས་གཅོད། ལུས་ཟུངས་གསོ་བར་ཚངས་ལྷ་དང་ཟླ་ཤེལ་བདུད་རྩི་མ་སོགས་བཏང་བ་བརྒྱུད་བློ་ཡིད་ཚིམ་པའི་ཕན་འབྲས་ཐོན་སོང་བ་ནི་འདས་གྲོངས་ཕྱིན་པའི་ནད་པ་གཅིག་ཀྱང་མ་བྱུང་བ་དང་། ནད་པ་ཕལ་མོ་ཆེ་བདུན་ཕྲག་གཅིག་གམ་གཉིས་ནང་ཚུན་དྲག་སྐྱེད་འབྱུང་བཞིན་འདུག ཅེས་བརྗོད་བྱུང་།

ཁོང་ལ་ཨུ་རུ་སུས་ཏོག་ནད་འགོག་བཅོས་ཀྱི་སྨན་ཁབ་བཟོས་ཡོད་པ་ཁྱབ་བསྒྲགས་བྱས་པ་དེས་བོད་སྨན་སྨན་བཅོས་ལ་ཤུགས་རྐྱེན་རིགས་ཡོང་གི་ཡོད་མེད་དྲིས་པར་ཁོང་གིས། དེ་ཡིས་ཨུ་རུ་སུའི་སྤྱི་ཚོགས་ཁྲོད་མང་ཚོགས་ནས་བོད་སྨན་ལ་འདུ་ཤེས་དང་། ཡིད་ཆེས་སོགས་ལ་ཁྱད་པར་གང་ཡང་འགྲོ་གི་མ་རེད། ཡུལ་གྲུ་འདིར་མཚོན་ན་མི་ལོ་སྟོང་ལ་ཉེ་བའི་རིང་བོད་སྨན་གྱིས་སྤྱི་ཚོགས་འཕྲོད་བསྟེན་དང་། སྔོན་འགོག སྨན་བཅོས་སོགས་ལ་ལེགས་སྐྱེས་རླབས་པོ་ཆེ་ཕུལ་ཡོད་པ་དང་། དུས་རབས་ཉེར་གཅིག་པ་འདིར་མཚོན་ནའང་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བོད་སྨན་གཙོས་པའི་བོད་ཀྱི་ལེགས་བྱང་ཡོད་ཚད་ལ་ཨུ་རུ་སུའི་མི་མང་ནས་དགའ་མོས་དང་ཡིད་ཆེས་ཇེ་ཆེར་འགྲོ་བཞིན་ཡོད་པ་རེད། ཅེས་བརྗོད་བྱུང་།ཨུ་རུ་སུའི་ནང་གནས་སྡོད་བོད་རིགས་སྨན་པ་ཡར་འཕེལ་ལགས་ཀྱིས་ཨུ་རུ་སུའི་ནང་སྨན་པའི་ཕྱག་ལས་གནང་སྟེ་མི་ལོ་ ༢༠ ལྷག་འགྲོ་ཡི་ཡོད་འདུག་ལ། ཨུ་རུ་སུའི་རྒྱལ་ཕྲན་བྷུ་རེ་ཡ་ཐུའི་སྤྱི་ཚོགས་ཚན་རིག་ཁང་དུ་མི་ལོ་ ༡༥ ཙམ་ལ་ཕྱག་ལས་གནང་བ་དང་། ཁོང་ལ་ཁུལ་དེར་ཆེ་བསྟོད་དང་གཟེངས་རྟགས། ཐུགས་རྗེ་ཆེ་ཞུའི་ལག་ཁྱེར་སོགས་སྣ་མང་ཞིག་ཐོབ་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༩ ལོར་རྒྱལ་ཕྲན་དེའི་ཆེ་བསྟོད་ཀྱི་གཟེངས་རྟགས་མཐོ་ཤོས་ (Medal of Merit) ཀྱང་ཐོབ་སྟེ། རྒྱལ་སྤྱིའི་སྨན་པའི་ཉིན་མོར་སྲིད་འཛིན་གྱིས་དངོས་སུ་གཟེངས་བསྟོད་གནང་ཡོད་འདུག དེ་བཞིན་ཁོང་གིས་བོད་ལུགས་ཀྱི་ལག་རྩ་བརྟག་ཐབས་དང་འབྲེལ་ཞབས་འདེགས་ཆེན་པོ་བསྒྲུབས་དང་སྒྲུབ་བཞིན་ཡོད་སྟབས། ཁུལ་དེའི་སྤྱི་ཚོགས་ཚན་རིག་ཁང་གིས་གཟེངས་རྟགས་གཉིས་གནང་ཡོད་འདུག དེང་སྐབས་ཁོང་གི་སྨན་ཁང་དུ་བོད་ཕྱི་ནང་གཉིས་ནས་སྤྱོད་བཞིན་པའི་སྨན་ཕལ་ཆེ་བ་ཡོད་འདུག་ལ། དེ་དག་ལས་མང་ཆེ་བ་ཁོང་གིས་བཟོ་བཞིན་པ་དང་། དུག་འདོན་དང་བཙོ་བསྲེག་གཡའ་ཕྱི་རྙོག་འཛིང་ཆེ་བའི་རིགས་སྨན་རྩིས་ཁང་གི་སྨན་རམས་པ་ཆོས་ལོ་ཐར་ལགས་གདན་ཞུས་གྱིས་སྦྱོར་བཟོ་བྱེད་བཞིན་ཡོད་འདུག་ལ། སྨན་རེ་ཟུང་བོད་ནང་དང་རྒྱ་གར་ནས་ཉོ་བཞིན་ཡོད་འདུག

བོད་ཀྱི་སྨན་རྩིས་ཁང་ནས་ཏོག་དབྱིབས་ནད་པར་བོད་སྨན་གྱིས་སྨན་བཅོས་གནང་བཞིན་ཡོད་པ་ལྟར། འདི་གའི་གསར་འགོད་པར་སྨན་རྩིས་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་ཀྱིས།  ད་ལྟའི་ཆར་རྒྱ་གར་ནང་ཏོག་དབྱིབས་འགོག་བཅོས་བྱེད་ཐབས་སུ་སྨན་རྩིས་ཁང་གི་སྨན་སྤྱོད་མཁན་མང་པོ་ཡོད་པ་དང་། གཙོ་བོ་ཏོག་དབྱིབས་གཉན་རིམས་ཤུགས་ཆེན་པོ་ཡིན་ས་རྒྱ་གར་རྒྱལ་ས་ལྡི་ལི་དང་ལ་དྭགས་གཉིས་གཙོའི་ཧི་མ་ཅཱལ་མངལ་སྡེ་དང་། མོན་རྟ་དབང་སོགས་སུ་བོད་སྨན་བསྟེན་མཁན་ཡོད་པ་དང་། སྨན་རྩིས་ཁང་གི་ཏོག་ནད་ཉམས་ཞིབ་སྡེ་ཚན་གྱི་གྲངས་ཐོ་ལྟར་ན། ད་ལྟ་བར་བོད་སྨན་བསྟེན་ནས་དྲག་སྐྱེད་བྱུང་བ་དང་བསྟེན་བཞིན་པ་ ༤༢ ཙམ་ཡོད་པ་དང་། ནད་པས་བོད་སྨན་ལ་ཡིད་ཆེས་དང་བོད་སྨན་བསྟེན་གྱི་ཡིན་ལབ་ན་ཕན་ཚུན་བར་གན་རྒྱ་བཞག་ནས་སྨན་བཅོས་བྱེད་བཞིན་ཡོད་ལ། སྨན་རྩིས་ཁང་ངོས་ནས་ཏོག་དབྱིབས་འགོག་བཅོས་བྱེད་ཐབས་སུ་སྨན་མི་འདྲ་བ་ ༤༨ ཙམ་བེད་སྤྱོད་གཏོང་ཆོག་པའི་ལམ་སྟོན་གནང་ཡོད་པ་དང་། དེ་དག་ཀྱང་སྨན་པ་ཚོས་ནད་པའི་ལོ་ཚད་དང་དེ་སྔོན་ན་ཚ་གཞན་ཡོད་མེད་སོགས་བརྟག་དཔྱད་བྱས་ཏེ་སྨན་སྤྲོད་བཞིན་ཡོད་ལ། ད་ལྟ་བར་བོད་སྨན་བསྟེན་མཁན་ནད་པ་གཅིག་ཀྱང་འདས་གྲོངས་སུ་མ་སོང་བ་མ་ཟད། ནད་པ་མང་ཆེ་ཤོས་བདུན་གཅིག་དང་གཉིས་ནང་དྲག་སྐྱེད་འབྱུང་གི་ཡོད་ཀྱང་། ད་ལྟའི་ཆར་མང་པོ་ཞིག་བསྒྲགས་བསྡད་པ་ཡིན་ན། རྒྱ་གར་གཞུང་ངོས་ནས་སྲོལ་རྒྱུན་ཨ་ཡོ་ཝ་ཏི་སྨན་ལ་དམ་དྲག་ལྟ་བུ་ཡོང་བཞིན་ཡོད་སྟབས། བོད་སྨན་གྱིས་དྲག་སྐྱེད་འབྱུང་གི་ཡོད་པ་བསྒྲགས་ན་དཀའ་ངལ་བཟོ་གཞི་ཞིག་ཆགས་ཀྱི་ཡོད་སྐོར་བརྗོད་བྱུང་།

གསར་འགོད་པ། ཀླུ་མགོན་ཐར། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༨/༡༧

Leave a Reply