རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཤིག་བོད་ཧིན་ས་མཚམས་སུ་བསླེབས།

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡས་ཟེར་བ་དེ་རྒྱ་དཀར་ནག་བར་རྩོད་རྙོག་ཅན་དུ་གྱུར་བའི་བོད་ཧིན་ས་མཚམས་སུ་ཡོང་སྟེ་འདས་པའི་མི་ལོ་ ༥༠ ནང་མ་བྱུང་བའི་ལྟ་སྐོར་ཞིག་བྱས་ཡོད་འདུག དེ་རིང་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡས་ཟེར་བ་བོད་རང་སྐྱོང་ལྗོངས་ནང་ཕྱོགས་སྐྱོད་དུ་ཡོང་སྟེ། བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཝུ་ཡེན་ཅེ་(Wu Yingjie)དང་རང་སྐྱོང་ལྗོངས་ཀྱི་མགོ་འཁྲིད་ཆེ་དགྲ་ལྷ་སོགས་དམར་ཤོག་འཐུས་མི་རྣམས་ལ་ཐུག་འཕྲད་ཀྱིས། བོད་ཁུལ་བརྟན་ལྷིང་དང་བརྟན་སྲུང་བྱེད་དགོས་པའི་སྐུལ་མ་བཏང་ཡོད་པ་དང་། ཐེངས་འདིའི་སྐོར་སྐྱོད་ཁྲོད་ཝང་ཡས་རྒྱ་དཀར་ནག་གི་ས་མཚམས་སུ་ལྟ་སྐོར་རུ་ཕྱིན་པ་དེས། རྒྱ་གར་ལ་བརྡ་ལན་ཞིག་སྤྲོད་ཀྱི་ཡོད་པའི་འགྲེལ་བརྗོད་གནང་བཞིན་ཡོད་པ་རེད།

དེ་འབྲེལ་གྱི་གནས་ཚུལ་ནང་ཝང་ཡས་ཀྱིས།  བོད་ལྗོངས་ཀྱི་བདེ་འཇགས་དང་བརྟན་ལྷིང་ནི་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་པ་དང་། འཛམ་གླིང་གི་ལོ་བརྒྱའི་འཕོ་འགྱུར་དང་ཏོག་དབྱིབས་རིམས་གཉན་གྱིས་བཟོས་པའི་རྙོག་འཛིང་ཆེ་བའི་ཤུགས་རྐྱེན་འོག ཕྱི་འབྲེལ་འཐབ་ཕྱོགས་ཀྱིས་བོད་རང་སྐྱོང་ལྗོངས་ཀྱི་བློ་མཐུན་ཚོ་དང་མཉམ་དུ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་སྲིད་བྱུས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་བོད་ལྗོངས་ཀྱི་ཡུན་རིང་བདེ་འཁོད་འགན་ལེན་བྱ་ཆེད་ཐུན་མོང་ཐོག་འབད་བརྩོན་བྱ་རྒྱུ་དང་། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་སྐོར་བརྗོད་ཡོད་པ་དང་། ཐེངས་འདིའི་སྐོར་སྐྱོད་དེ་ནི་རྒྱ་དཀར་ནག་གི་ས་མཚམས་རྩོད་རྙོག་ཞི་འགྲིག་ཡོང་གི་མེད་པའི་སྐབས་ཤིག་ལ་འཁེལ་ཡོད་པ་རེད།

ཕྱི་ཚེས་ ༡༥ ཉིན་རྒྱ་གར་སྲིད་བློན་མུ་དྷི་མཆོག་གིས་རྒྱ་གར་རང་བཙན་ཉིན་མོ་དང་བསྟུན། ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་ཙམ་གྱི་འགྲོ་གྲོན་བཏང་སྟེ་རྒྱལ་ཁབ་ཀྱི་ས་ཁོངས་བདག་དབང་སྲུང་སྐྱོབ་བྱ་རྒྱུ་ཡིན་པ་མ་ཟད། ལ་དྭགས་དང་འབྲས་ལྗོངས་ཁུལ་གྱི་ས་མཚམས་རྩོད་རྙོག་དང་འབྲེལ་རྒྱ་ནག་ལ་ཉེན་བརྡའང་བཏང་ཡོད་འདུག་ལ།  ཝང་ཡས་ནི་འདས་པའི་ལོ་ངོ་ ༥༠ རིང་རྒྱ་དཀར་ནག་བར་རྩོད་རྙོག་ཏུ་གྱུར་བའི་བོད་ཀྱི་ས་མཚམས་ཁག་ཏུ་སྐྱོད་མཁན་རྒྱ་ནག་དབུས་དཔོན་ཆེན་ཐོག་མ་དེ་ཆགས་ཡོད་པ་དང་། རྒྱ་ནག་གི་གནད་དོན་ཉམས་ཞིབ་པ་ཚོས་སྐོར་སྐྱོད་དེ་ནི་རྒྱུན་ལྡན་མིན་པ་དང་ཆབ་སྲིད་ཀྱི་བརྡ་ལན་ཞིག་སྤྲོད་ཀྱི་ཡོད་སྐོར་བརྗོད་བཞིན་འདུགད་ལྟ་རྒྱལ་སྤྱིའི་སྟེང་རྒྱ་ནག་གཞུང་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་བྱེད་ཀྱི་ཡོད་མེད་ལ་མ་ལྟོས་པར། ཝང་ཡས་ཀྱིས་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་མགོ་འཁྲིད་རྣམས་ལ་ཞི་ཡི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་ཟེར་བའི་འོག་བོད་ཁུལ་འཕེལ་རྒྱས་བཏང་དང་གཏོང་བཞིན་ལུགས་ལ་བསྔགས་བརྗོད་དང་། བོད་ནི་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་འབྲེལ་འདྲིས་བྱེད་པ་དང་། དམིགས་བསལ་རྒྱུད་གཅིག་ལམ་གཅིག་དང་ཞི་ཡི་ཕྱི་སྲིད་ལས་དོན། འཛུགས་སྐྲུན་གྱི་རེ་འདོད་བསྐོང་བར་གནས་བབ་གལ་ཆེན་ཞིག་བཟུང་ཡོད་སྐོར་སོགས་བརྗོད་ཡོད་འདུག

ནན་ཅིན་གཙུག་ལག་སློབ་གྲྭ་ཆེན་མོའི་ཆབ་སྲིད་ཚན་རིག་པ་གུ་སུ་ (Gu Su)ཞེས་པ་ཞིག་གིས། ཝང་ཡས་རྒྱ་དཀར་ནག་བར་རྩོད་རྙོག་ཏུ་གྱུར་བའི་ས་མཚམས་སུ་བསྐྱོད་པ་དེས། རྒྱ་ནག་མི་མང་དང་རྒྱལ་སྤྱིའི་སྟེང་། པེ་ཅིན་གཞུང་གིས་རྒྱ་དཀར་ནག་བར་རྩོད་རྙོག་ཏུ་གྱུར་བའི་ས་མཚམས་ཀྱི་བདག་དབང་རྩོད་རྒྱུ་ཡིན་པའི་བརྡ་ལན་གསལ་བོ་བསྟན་ཡོད། ཅེས་བརྗོད་ཡོད་པ་རེད།འདི་ལོའི་ཕྱི་ཟླ་ ༦ ཚེས་ ༡༥ ཉིན་བོད་དང་རྒྱ་གར་གྱི་ས་མཚམས་སུ་ཁེལ་བའི་ལ་དྭགས་གྷལ་ཝན་ཡུལ་ཀླུང་(Galwan Valley)དུ་རྒྱ་དཀར་ནག་གི་དམག་དཔུང་བར་དམར་འཛིང་བྱུང་རྗེས། ཕྱི་ཟླ་ ༧ ཚེས་ ༣ ཉིན་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་དང་རྒྱ་གར་རྒྱལ་ཡོངས་བདེ་སྲུང་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་བྷ་པེན་རཱ་ཝ་ཊི་(Bipin Rawat)ལགས། དེ་བཞིན་རྒྱ་གར་གྱི་སྤྱི་ཁྱབ་དམག་དཔོན་གྷན་ནཱ་རཱ་ཝ་ནེ་(Gen M N Naravane)ལགས་སོགས་ལ་དྭགས་སུ་ཕེབས་ཏེ། ཡུལ་དེའི་དམག་དཔུང་ལ་ཐུག་འཕྲད་དང་རྒྱ་གར་དམག་དཔུང་གིས་རྒྱ་ནག་ལ་ཕར་རྒོལ་གྱི་གྲ་སྒྲིག་ལ་གཟིགས་ཞིབ་ལམ་སྟོན་གནང་བ་དང་། ཉེ་སྔོན་གདོང་ཐུག་དམར་འཛིང་སྐབས་ཀྱི་གནས་ཚུལ་ལ་རྒྱུས་ལོན་དང་། སྐབས་དེར་རྨས་སྐྱོན་ཕོག་པའི་དམག་མི་ཚོར་ཐུག་འཕྲད་ཁམས་འདྲི་སོགས་གནང་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༨/༡༧

Leave a Reply