ཧིན་སྒོར་བྱེ་བ་ ༥ ཡི་བུན་གཡར་ལས་གཞི་མགོ་བརྩམས།

བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ནས་ཧིན་སྒོར་བྱེ་བ་ ༥ ཚོང་དོན་ཆེ་འབྲིང་རིགས་ཀྱི་ཆེད་དུ་བུན་གཡར་ལས་གཞི་ཞིག་ལག་བསྟར་གནང་རྒྱུ་རེད་འདུག དེ་རིང་ཉིན་གུང་ཆུ་ཚོད་ ༡༢ ཐོག་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་རྣམ་གཉིས་ནས་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་ཏེ། བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གིས། བོད་མི་ཚོར་ཁྱོན་དམིགས་ཚད་ཧིན་སྒོར་བྱེ་བ་ ༥ ཡི་ཚོང་དོན་བུ་ལོན་དངོས་སུ་གཡར་རྒྱུའི་ཡོངས་ཁྱབ་གསལ་བསྒྲགས་གནང་སོང་ལ། སྐབས་དེར་སྲིད་སྐྱོང་མཆོག་ནས་ཚོང་དོན་གཉེར་འདོད་དང་ཆ་རྐྱེན་ཚང་རིགས་གང་མང་ནས་བུན་གཡར་ལས་གཞིའི་ནང་ཞུགས་རྒྱུའི་རེ་སྐུལ་གནང་སོང་།

དེ་ཡང་གསར་འགོད་གསལ་བསྒྲགས་སྟེང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། ད་ཐེངས་ཀྱི་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་འདི་གཙོ་བོ་བཀའ་ཤག་གི་དམིགས་ཡུལ་དགོངས་དོན། གཅིག་སྒྲིལ། གསར་གཏོད། རང་ཁ་རང་གསོ་ཞེས་རྗོད་ཀྱི་ཡོད་པ་ལྟར། ང་ཚོས་རང་ཁ་རང་གསོ་བྱེད་དགོས་ཀྱི་འདུག ད་ལྟའི་སྤྱི་ཚོགས་དེ་གཙོ་བོ་རོགས་དངུལ་ལ་བརྟེན་བསྡད་ཡོད་པ་དང་། དེ་བཞིན་ཕྱི་རྒྱལ་ལ་འགྲོ་མཁན་བོད་མི་མང་དུ་འགྲོ་བཞིན་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་གནས་པ་ལ་རྒྱ་བལ་འབྲུག་གསུམ་ནང་བོད་མི་གནས་དགོས་པ་རེད། ཕྱི་རྒྱལ་ལ་འགྲོ་མཁན་མང་པོ་ཞིག་སོ་སོའི་འདོད་པ་ལྟར་སྤུན་མཆེད་དམ་ཆང་སའི་ཆེད་དུ་འགྲོ་ཡི་ཡོད་པ་རེད། ཡང་མང་པོ་ཞིག་འཚོ་བ་སྐྱེལ་ཆེད་འགྲོ་ཡི་ཡོད་པ་རེད། དེར་བརྟེན་རྒྱ་གར་ནང་ལ་གོ་སྐབས་ཤིག་བསྐྲུན་ཐུབ་པ་ཡིན་ན། ཚོང་རྒྱག་མཁན་ལ་མ་རྩ་དང་། ཚོང་གི་ཟབ་སྦྱོང་སྤྲོད་རྒྱུ་ལ་སོགས་པའི་ལས་གཞི་སྤེལ་ཐུབ་ཚེ། རྒྱ་གར་ལ་འཚོ་བ་སྐྱེལ་རྒྱུའི་ཐབས་ལམ་ཡོད་ན་ཕྱི་རྒྱལ་ལ་འགྲོ་ཡི་མིན་ཟེར་མཁན་དེ་ཚོར་མཐུན་རྐྱེན་སྦྱར་ཐུབ་ཀྱི་རེད། དེར་བརྟེན་ང་ཚོས་ཁྲིམས་དང་མཐུན་པའི་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་བཟོས་པ་རེད། ཅེས་གསུངས་སོང་བ་དང་། ད་བར་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་དངུལ་ཁང་ལྟ་བུའི་ཚུལ་དུ་ཡོད་ནའང་། དངུལ་ཁང་ཆ་ཚང་བའི་ངོ་བོར་བསྒྱུར་ཆེད་རྒྱ་གར་དབུས་དངུལ་ཁང་གི་སྒྲིག་དོན་གཞིར་བཟུང་། ཚོང་གི་བུན་གཡར་ལས་གཞི་མགོ་བཙུགས་དགོས་པ་མ་ཟད། དེ་ཡང་དངུལ་ཁང་ནས་བརྒྱ་ཆ་ ༧༠ ཚོང་གི་བུན་གཡར་ལས་གཞིའི་ཐོག་བསྐྱོད་དགོས་ཀྱི་ཡོད་པ་དང་། ད་བར་སུད་ཚོང་བར་བུན་གཡར་བྱས་པའི་ལས་གཞི་དེ་དག་སྤྱི་ཚོགས་ཞབས་ཞུའི་ངོ་བོར་སྤེལ་ཡོད་སྐོར་སོགས་གསུངས་སོང་།

ད་ཐེངས་ཀྱི་ཚོང་དོན་བུན་གཡར་ལས་གཞིའི་དམིགས་ཚད་དེ་ཧིན་སྒོར་བྱེ་བ་ ༥ ཡིན་པ་དང་། ད་བར་ཚོང་ཆུང་བ་རྒྱག་མཁན་ཚོར་བུན་གཡར་ལས་གཞི་སྤེལ་ཟིན་པ་དང་། ད་ལྟ་ཟ་ཁང་དང་། ཚོང་ཁང་། མགྲོན་ཁང་རྒྱ་བསྐྱེད། དེ་བཞིན་སྐྱེལ་འདྲེན་འཁོར་ལོ་གསར་ཉོ་དང་། བཟོ་གྲྭར་འཕྲུལ་རིག་གསར་ཉོས་མཚོན་པའི་ཚོང་དོན་ཆེ་འབྲིང་ཆེད་དུ་བུ་ལོན་གཡར་རྒྱུ་ཡིན་པ་དང་། བུན་གཡར་གྱི་ལས་གཞི་དེ་ཉིད་རྒྱ་གར་དབུས་དངུལ་ཁང་གི་སྒྲིག་གཞི་ལམ་སྟོན་གཞིར་བཟུང་འགྲོ་དགོས་སྟབས། རྒྱ་གར་གྱི་དངུལ་ཁང་ཇི་བཞིན་བུན་གཡར་སྐབས་གཏའ་མ་ (Collateral) སོགས་ཀྱི་ཆ་རྐྱེན་རིགས་འགྲུབ་དགོས་ཀྱི་ཡོད་འདུག་ལ། སྐྱེད་ཀའི་ཆ་ནས་ཀྱང་བུ་ལོན་ཧིན་སྒོར་འབུམ་ ༡༠ བར་ལ་སྐྱེད་ཀ་བརྒྱ་ཆ་ ༡༠ དང་། ཧིན་སྒོར་འབུམ་ ༡༠ ནས་ ༢༠ བར་ལ་སྐྱེད་ཀ་བརྒྱ་ཆ་ ༡༢ སྤྲོད་དགོས་ཀྱི་ཡོད་འདུག

དེ་ནས་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས། འདི་ལོའི་ཕྱི་ཟླ་ ༧ པའི་ནང་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ནས་ཧིན་སྒོར་འབུམ་ ༡༠ གི་བུན་གཡར་ལས་གཞི་ཞིག་གསལ་བསྒྲགས་བྱས་ཏེ་ད་ལྟ་སྒོ་བརྒྱབ་ཟིན་པ་དང་། འབྱུང་འགྱུར་དམིགས་བསལ་གསལ་བསྒྲགས་མེད་པར་བུ་ལོན་དགོས་རིགས་ནས་འགེངས་ཤོག་བསྐངས་ཏེ་བུ་ལོན་གཡར་ཆོག་པ་དང་། ད་ཐེངས་ཀྱི་བུན་གཡར་ལས་གཞི་འདི་དེ་སྔའི་འཚོ་རྟེན་རོགས་སྐྱོར་ལས་གཞི་ཞིག་མིན་སྟབས། རྒྱ་གར་གཞུང་གི་དངུལ་ཁང་ཆེན་མོའི་ཁྲིམས་དང་མཐུན་དགོས་ལ། གྲོས་ཚོགས་ཀྱི་རྩིས་ཞིབ་ཐོག་ནས་ཀྱང་འགྲོ་དགོས་ཀྱི་ཡོད་པ་རེད། དེར་བརྟེན་བུ་ལོན་གཡར་འདོད་ཡོད་རིགས་ནས་ཚོང་གི་འཆར་གཞི་ཚད་ལྡན་ཕུགས་འཕེར་ལྡན་པ་ཞིག་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ལ་ཕུལ་ཏེ། དེར་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ཁྱད་ལས་མི་སྣས་ཞིབ་འཇུག་བྱེད་དགོས་ཀྱི་ཡོད་པ་དང་། ལས་གཞིའི་ནང་ཞུགས་མཁན་ཚོས་རྒྱ་གར་གཞུང་གི་ཁྲིམས་དང་མཐུན་པའི་ཚོང་དོན་ཁོ་ནའི་ལས་གཞི་མ་གཏོགས་འབུལ་རྒྱུ་མེད་སྐོར་སོགས་འགྲེལ་བརྗོད་གནང་སྟེ། ད་ཐེངས་ཀྱི་ལས་གཞི་དེ་ནི་བོད་མི་ཁོ་ནར་དམིགས་པ་ཞིག་ཡིན་སྟབས། གཞི་རྩའི་ཆ་རྐྱེན་དེ་བོད་མིའི་དཔྱ་ཁྲལ་ལག་དེབ་ཡོད་མཁན་དང་། རང་ཁོངས་ཀྱི་ས་གནས་མགོ་འཛིན་གྱི་རྒྱབ་གཉེར་ཡིག་ཆ་ཡོད་མཁན་ཞིག་ཡིན་དགོས་འདུག

གཞན་ཡང་དཔལ་འབྱོར་བཀའ་བློན་མཆོག་གིས། ཕྱི་ལོ་ ༢༠༡༧ ལོ་ནས་བཟུང་བོད་མིའི་སྒྲིག་འཛུགས་ནས་བུན་གཡར་གྱི་ལས་གཞི་ཐེངས་གསུམ་སྤེལ་ཡོད་པ་དག་མ་རྩ་ཆད་མེད་སློག་ཡོད་པ་དང་། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ནས་རྩིས་ལོ་གཅིག་གི་དུས་ཡུན་ནང་ཧིན་སྒོར་བྱེ་བ་ ༥ གཏོང་རྒྱུའི་ཐག་གཅོད་བྱས་ཡོད་ནའང་། དེ་ནི་གཙོ་བོ་བུན་གཡར་ལས་གཞིའི་ནང་ཞུགས་མཁན་ཚོའི་སྙན་ཞུ་ལ་རག་ལས་ཡོད་སྟབས། ཚང་མས་འགན་འཁུར་བླང་རྒྱུའི་རེ་སྐུལ་ཞུས་པ་མ་ཟད། ད་ཐེངས་ཀྱི་ལས་གཞི་འདིས་བོད་མིའི་དཔལ་འབྱོར་གནས་སྟངས་ཇེ་བཟང་དུ་གཏོང་རྒྱུ་ཙམ་མིན་པར། གཙོ་བོ་བོད་མིའི་སྤྱི་ཚོགས་ནང་དཔལ་འབྱོར་གྱི་ལྟ་གྲུབ་བསྐྲུན་རྒྱུར་རམ་འདེགས་བྱ་ངེས་ཡིན་སྐོར་གསུངས་སོང་།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༨/༡༨

Leave a Reply

One thought on “ཧིན་སྒོར་བྱེ་བ་ ༥ ཡི་བུན་གཡར་ལས་གཞི་མགོ་བརྩམས།

  1. བསོད་ནམས་རྒྱལ་མཚན།

    བོད་ལ་ལོག་ཡ་སྐད་ཆ་མིན་འདུག་ག ད་དུང་བུ་ལོན་གཡར་ནས་སྡོད་ཡ་རེད་འདུག་ག 😂 😂 😂 😂 😂 😂 ༧གོང་ས་མཆོག་བོད་ལ་གདན་ཞུ། ཨོཾ་ཨཿ ཧཱུཾ། ཨོཾ་ཨཿ ཧཱུཾ། ཨོཾ་ཨཿ ཧཱུཾ། 😂 😂 😂 😅