༧གོང་ས་མཆོག་གི་སྐོར་ལ་གསང་བའི་མྱུལ་ཞིབ་བྱས་པའི་དོགས་གཞིར་ཞིབ་འཇུག་མཐར་ཕྱིན་པ་བྱེད་དགོས།

ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ཤན་ཏ་ཀུ་མར་མཆོག་གིས་ལའོ་སང་ཟེར་བའི་རྒྱ་ནག་གི་མི་སེར་དེས་༧གོང་ས་མཆོག་དང་འབྲེལ་བའི་གནས་ཚུལ་ལ་གསང་བའི་མྱུལ་ཞིབ་བྱས་པའི་དོགས་གཞིར་ཞིབ་འཇུག་མཐར་ཕྱིན་པ་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ་འདུགཁ་སང་ཕྱི་ཚེས་ ༡༧ ཉིན་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ཤན་ཏ་ཀུ་མར་ (Shanta Kumar) མཆོག་གིས། ཉེ་ལམ་ལྡི་ལི་ནས་འཛིན་བཟུང་བྱས་པའི་རྒྱ་ནག་གི་མི་སེར་ཁྲིམས་འགལ་བ་ལའོ་སང་ཟེར་བ་དེས། ལོ་ངོ་ ༦ ཙམ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འབྲེལ་བའི་གནས་ཚུལ་གསང་བའི་ངང་མཁོ་སྒྲུབ་བྱས་པ་དང་། དངུལ་འབོར་ཆེན་གྱི་ནག་ཚོང་མུ་མཐུད་བརྒྱབ་ནས་བསྡད་པའི་གནས་ཚུལ་རྒྱ་གར་གཞུང་གིས་ཤེས་རྟོགས་མ་ཐུབ་པ་ནི་ཧ་ལས་དགོས་པ་ཞིག་ཡིན་པ་དང་། ༧གོང་ས་མཆོག་དང་འབྲེལ་བའི་གནས་ཚུལ་ལ་གསང་བའི་མྱུལ་ཞིབ་བྱས་པའི་དོགས་གཞི་དེར་ཞིབ་འཇུག་མཐིལ་ཕྱིན་པ་བྱེད་དགོས་སྐོར་གསུངས་འདུག

སྐུ་ཞབས་ཤན་ཏ་ཀུ་མར་ (Shanta Kumar) མཆོག་ནས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལས་ཐོག་རྗེ་རམ་ཐཱ་ཀོར་ (Jai Ram Thakur) མཆོག་ལ་སྙན་ཞུ་ཞིག་ཕུལ་ཏེ། སྤྱི་ཁྱབ་བློན་ཆེན་མཆོག་གིས་རྒྱ་གར་དབུས་ཆེས་མཐོའི་མི་སྣ་དང་མཉམ་དུ་གནད་དོན་དེའི་ཐོག་བཀའ་བསྡུར་གནང་སྟེ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཕྱྭ་ལ་ཁག་ཐེག་ཐུབ་པའི་དགོས་ངེས་ཀྱི་ལས་དོན་བསྒྲུབ་དགོས་སྐོར་དང་། ༧གོང་ས་མཆོག་གི་སྐོར་ལ་གསང་བའི་མྱུར་ཞིབ་བྱས་པའི་དོགས་གཞི་དེ་ནི་རྒྱ་གར་དབུས་གཞུང་དང་ཧི་མ་ཅལ་མངའ་སྡེ་གཉིས་ལ་བློ་འཚབ་སྐྱེ་གཞི་ཞིག་ཡིན་ལ། ༧གོང་ས་མཆོག་ནི་བོད་མིའི་དབུ་ཁྲིད་ཙམ་མིན་པར་འཛམ་གླིང་ནང་ཆེས་གུས་བཀུར་ཐོབ་པའི་ཆོས་ཀྱི་དབུ་ཁྲིད་ཅིག་དང་། ནོལ་སྦེལ་ཞི་བདེ་གཟེངས་རྟགས་བཞེས་མྱོང་མཁན་ཞིག་ཡིན་སྐོར་ཞུས་འདུག

རྒྱ་གར་གྱི་ (The Statesman) གསར་ཁང་གི་གནས་ཚུལ་ནང་། བཞུགས་སྒར་དྷ་སའི་ཀཱང་ར་རྫོང་ཉེན་རྟོག་ལས་ཁུངས་ཀྱི་དཔོན་པོ་ཝེ་མུག་ཌི་རན་ཇན་ (Vimukt Ranjan) ལགས་ཀྱིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཕྱྭ་ལ་འགན་ལེན་གྱི་ལས་དོན་ཐད་བདེ་སྲུང་གི་ལས་ཁུངས་ཁག་ནས་དོགས་ཟོན་བྱེད་ཀྱི་ཡོད་སྐོར་དང་། ས་གནས་ཉེན་རྟོག་ལས་ཁུངས་སུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཕྱྭའི་ཐད་བསྐྱར་ཞིབ་དང་། ཉེ་ལམ་རྒྱ་ནག་གི་གསང་མྱུལ་བ་ཞིག་འཛིན་བཟུང་བྱས་བ་དང་འབྲེལ་ནས་ལམ་སྟོན་གང་ཡང་ཕེབས་མེད་ཀྱང་། གལ་སྲིད་གསང་བའི་ལས་ཁུངས་ནས་ལམ་སྟོན་གནང་ཚེ། ས་གནས་ཉེན་རྟོགས་ལས་ཁུངས་ཀྱིས་སྐུ་ཕྱྭའི་ལས་དོན་འཕར་མ་ཞུ་རྒྱུ་ཡིན་སྐོར་བཀོད་འདུག

འཛིན་བཟུང་བྱས་པའི་ལའོ་སང་ཟེར་པ་དེས་བོད་པའི་གྲྭ་བ་སོགས་ལ་ལྐོག་དངུལ་སྤྲད་དེ་གསང་བའི་ལས་དོན་བསྒྲུབས་ཡོད་པའི་དོགས་གཞི་ཡོད་སྐོར་རྒྱ་གར་གཞུང་གིས་བསྒྲགས་ཡོད་པ་ལྟར། འདི་གའི་གསར་འགོད་པས་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ཀྱི་དྲུང་ཆེ་ཀརྨ་རིན་ཆེན་ལགས་སུ་ཞལ་པར་བརྒྱུད། གནད་དོན་དེར་རྒྱ་གར་གཞུང་དང་བདེ་སྲུང་ལས་ཁུངས་ནས་རྩད་གཅོད་ཞིབ་འཇུག་ག་འདྲ་གནང་གི་ཡོད་མེད་དྲིས་པར་ཁོང་གིས། ང་ཚོར་དེའི་སྐོར་དམིགས་བསལ་ཞུ་ཡ་གང་ཡང་མེད། གནས་ཚུལ་དེ་ཡོངས་གྲགས་སུ་གསར་འགྱུར་ནང་ཐོན་ཡོད་པ་རེད། ༧སྐྱབས་མགོན་རིན་པོ་ཆེ་མཆོག་གི་༧སྐུ་ཕྱྭའི་ཐད་རྒྱ་གར་གཞུང་ནས་ཐུགས་གནང་གནང་སྟེ། གནང་དགོས་པ་ཆ་ཚང་གནང་དང་གནང་བཞིན་པ་རེད། མི་དེར་ཁྲིམས་ཁང་དུ་ཞིབ་འཇུག་བྱེད་བཞིན་ཡོད་པས་དེའི་སྐོར་དམིགས་བསལ་ཞུ་ཡ་གང་ཡང་མེད། ཅེས་དང་། མི་དེའི་གནད་དོན་སྐོར་བདེ་སྲུང་ལས་ཁུངས་ལ་ཤེས་རྟོགས་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།རྒྱ་མི་ལའོ་སང་ (Lou sang) ངམ་ཆཱར་ལེ་ཕེན་ (Charlie Peng) ཟེར་པ་དེས།  རྒྱ་ནག་གི་མིང་ཐོག་ནས་དྲ་ལམ་ཚོང་ལས་ཁང་ཧཱ་ཝ་ལ་ (hawala network) ཞེས་པ་ཆེད་འཛུགས་ཀྱིས། ཧིན་སྒོར་བྱེ་བ་ ༣༠༠ ལྷག་ཁྲིམས་འགལ་ངང་གཏོང་ལེན་བྱས་པ་ཤེས་རྟོགས་བྱུང་སྟེ། ཉིན་ཤས་གོང་དུ་རྒྱ་གར་གཞུང་གིས་འཛིན་བཟུང་བྱས་ཏེ་འདྲི་ཞིབ་བྱེད་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༡༨ ལོར་རྒྱ་མི་དེས་བཙན་བྱོལ་བོད་མིར་གསང་བའི་མྱུལ་ཞིབ་བྱེད་ཀྱི་ཡོད་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་ཀྱང་། ཕྱིས་སུ་གཏའ་དངུལ་བཞག་སྟེ་ཀློད་གྲོལ་བཏང་ཡོད་འདུག

སྐབས་དེར་ཉེན་རྟོག་པས་ལའོ་སང་ཟེར་བ་དེར་འདྲི་ཞིབ་བྱེད་སྐབས།  ཁོ་ཕྱི་ལོ་ ༡༩༧༨ ལོར་བོད་ཀྱི་རྒྱལ་ས་ལྷ་སར་སྐྱེས་པ་དང་ལོ་ན་ ༨ ཡིན་དུས་རྒྱ་ནག་ནན་ཅིན་དུ་ཕྱིན།  རང་ལོ་ ༡༨ ཐོག་ཕྱིར་ལྷ་སར་ལོག་ཡོད་སྐོར་དང་། ཕྱི་ལོ་ ༢༠༠༩ ལོར་རྒྱ་གར་ནང་ཡོང་རྩིས་ཀྱིས་བོད་མི་སྐྱབས་བཅོལ་བ་ ༦ དང་ལྷན་དུ་རྐང་པ་བརྒྱབ་ནས་བལ་ཡུལ་དུ་འབྱོར་བ་དང་། བལ་ཡུལ་དུ་གྲྭ་པ་བྱས་ཏེ་ལོ་དྲུག་རིང་བསྡད་རྗེས་སྐྱ་སར་བབས་ཏེ་ཚོང་ལས་གཉེར་ཡོད་པ་དང་། ཕྱི་ལོ་ ༢༠༡༤ ལོར་བལ་ཡུལ་ནས་སྤྱི་སྤྱོད་རླངས་འཁོར་ནང་བསྡད་ནས་རྒྱ་གར་ནང་འཛུལ་ཡོད་ཚུལ་བརྗོད་ཡོད་འདུག

འབྲེལ་ཡོད་གནས་ཚུལ། བཙན་བྱོལ་བོད་མིར་གསང་བའི་མྱུལ་ཞིབ་བྱས་པའི་དོགས་གཞི་ཅན་ཞིག་བསྐྱར་དུ་འཛིན་བཟུང་བྱས།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༨/༡༨

Leave a Reply

One thought on “༧གོང་ས་མཆོག་གི་སྐོར་ལ་གསང་བའི་མྱུལ་ཞིབ་བྱས་པའི་དོགས་གཞིར་ཞིབ་འཇུག་མཐར་ཕྱིན་པ་བྱེད་དགོས།

  1. ག་དུས་ཡིན་ན་ རྒྱ་གར་བློན་ཆེན་ཟུར་པ་ཞིག་གིས་ 😂 😂 😂 😅
    Beautiful नटक । चालो चालो। खूब चालो। चलते रहो।