དམར་ཤོག་ཚོཊ་པའི་སློབ་སྟོན་པ་ཞིག་ཚོཊ་ཁོངས་ནས་ཕུད།

འདས་པའི་ལོ་ངོ་ ༤༠ ཙམ་རིང་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་དང་སློབ་སྟོན་པ་བྱེད་མྱོང་མཁན་སློབ་དཔོན་ཆེན་མོ་ཚེ་ཞཱ་ཞེས་པ་ཞིག་གིས་ཞི་ཅིན་ཕིན་གཞུང་ལ་སྐྱོན་བརྗོད་བྱས་པར་བརྟེན་དམར་ཤོག་གི་ཚོགས་ཁོངས་ནས་ཕྱིར་འཕུད་བཏང་ཡོད་འདུག
ཁ་སང་ཕྱི་ཚེས་ ༡༨ ཉིན། ཨ་རིའི་ནེའུ་ཡོག་དུས་བབ་སོགས་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་ནག་དབུས་དམར་ཤོག་སློབ་གྲྭའི་ནང་ལོ་ངོ་ ༡༥ ལྷག་རིང་སློབ་འཁྲིད་བྱེད་མྱོང་མཁན་དང་། ད་ལྟ་རྒས་ཡོལ་ཕྱིན་ཟིན་པའི་སློབ་དཔོན་ཆེན་མོ་ཚེ་ཞཱ(Cai Xia)ཞེས་པ་ཞིག་གིས། དམར་ཤོག་ཚོགས་པའི་སྲིད་དབང་ལམ་ལུགས་ནོར་འཁྲུལ་ཡིན་པའི་སྐོར་ལ་གཏམ་བཤད་སྤེལ་བར་བརྟེན། རྒྱ་ནག་གཞུང་གིས་མོས་གཞུང་གི་ལངས་ཕྱོགས་དང་ཆབ་སྲིད་ལ་འགལ་བའི་ནོར་འཁྲུལ་ཚབས་ཆེན་བྱས་ཡོད་པའི་ཉེས་མིང་འོག་དམར་ཕྱོགས་ཚོགས་པ་ནས་ཕྱིར་འཕུད་བཏང་ཡོད་འདུག

དབུས་དམར་ཤོག་ཚོགས་པའི་སློབ་གྲྭ་དེའི་དྲ་རྒྱའི་སྟེང་བཀོད་པའི་གནས་ཚུལ་ནང་། སློབ་དཔོན་ཆེན་མོ་ཚྰ་ཞ་ཡིས་ཆབ་སྲིད་དང་འགལ་བའི་གཏམ་བཤད་སྤེལ་བ་མ་ཟད། ཁོ་ཚོས་གཏམ་བཤད་དེ་ནོར་འཁྲུལ་ཚབས་ཆེན་དང་དམར་ཤོག་ཚོགས་པའི་སྒྲིག་ཁྲིམས་ལ་ཆེན་པོ་འགལ་ཡོད་སྐོར་བརྗོད་ཡོད་པ་དང་། ཡང་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱིས་སློབ་དཔོན་ཆེན་མོ་ལྕམ་ཚེ་ཞཱ་ལགས་སུ་དངོས་སུ་སྐད་ཆ་འདྲི་སྐབས་ཁོང་མོས། མ་འོངས་པར་མོ་ཨ་རིའི་ནང་དུ་བསྡད་པ་ཡིན་ན་བདེ་འཇགས་ཡིན་སྐོར་བརྗོད་པ་ལས་གཞན། གནད་དོན་གསལ་ཁ་ཅན་གང་ཡང་བརྗོད་མེད་འདུག

ལྕམ་ཚེ་ཞཱ་དམར་ཤོག་ཚོགས་ཁུངས་ནས་ཕུད་རྒྱུའི་ཐག་གཅོད་དེ་རྒྱ་ནག་དམར་ཤོག་ཚོགས་པའི་སློབ་གྲྭ་ནང་ཁུལ་གྱི་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་ཐག་གཅོད་བྱས་ཡོད་པ་དང་། གནད་དོན་གཙོ་བོ་ཁོང་མོས་ཟླ་སྔོན་མའི་ནང་རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་གྱིས་འཛམ་གླིང་དགྲ་རུ་བཟོས་ནས། རྒྱ་ནག་དམར་ཤོག་ཚོགས་པར་གནོད་སྐྱོན་བཟོས་ཡོད་པའི་སྐྱོན་བརྗོད་རྩོམ་ཡིག་སྤེལ་བ་དང་། དེ་བཞིན་ད་ལྟའི་ཆར་རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་སྐྱིལ་འོག་ཡོད་པའི་ཕྱུག་བདག་རིན་ཀྲི་ཆིང་(Ren Zhiqiang)ལ་རྒྱབ་སྐྱོར་ཡོད་པའི་རྩོམ་ཡིག་བྲིས་པ་དང་། ཁོང་མོས་རྒྱ་ནག་དམར་ཤོག་ཚོགས་པའི་ཆེས་མཐོའི་མགོ་འཁྲིད་་ ༧ བརྗེས་ཏེ། གསར་པ་བསྐོ་བཞག་དགོས་པའི་གཏམ་བཤད་ཅིག་དྲ་ལམ་ཁག་ཏུ་ཁྱབ་གདལ་ཕྱིན་པའི་རྐྱེན་གྱིས་ཡིན་འདུག

སློབ་དཔོན་ཆེན་མོ་ཚེ་ཞཱ་ལགས་དམར་ཤོག་ཚོགས་པས་བློ་གཏད་ཡིད་ཆེས་བྱེད་སའི་ཚོགས་མི་རྙིང་པ་ཞིག་གཞུང་ལ་སྐྱོན་བརྗོད་མཁན་དུ་གྱུར་བ་དང་། འདི་ལོའི་ལོ་མགོ་ནས་རྒྱ་ནག་ནས་ཏོག་དབྱིབས་གཉན་རིམས་མགོ་ཚུགས་པ་ནས། ཞི་ཅིན་ཕིན་དང་དམར་ཤོག་ཚོགས་པའི་སྲིད་དབང་ལ་དངོས་སུ་སྐྱོན་བརྗོད་བྱེད་མཁན་མང་པོ་བྱུང་ཡོད་པ་ལྟར། དེ་དག་ལས་སློབ་གྲྭ་ཁག་གི་དགེ་རྒན་དང་སྲིད་དོན་པ། ཚོང་པ་སོགས་མང་པོ་བྱུང་སྟེ་གཞུང་གིས་ཁོ་ཚོར་སྒྲིག་ཁྲིམས་དང་འགལ་བའི་ཉེས་མིང་ཐག་གཅོད་རིགས་འདྲ་མིན་བྱས་ཡོད་པ་དང་། སློབ་དཔོན་ཆེན་མོ་ཚེ་ནི་དེ་དག་ལས་ཞི་ཡི་སྲིད་དབང་ལ་དངོས་སུ་སྐྱོན་བརྗོད་བྱས་ཏེ་ཉེས་ཆད་ཕོག་མཁན་གསར་ཤོས་དེ་ཆགས་ཡོད་འདུག

སློབ་དཔོན་ཆེན་མོ་ཚེ་ཞཱ་ནི་འདས་པའི་ལོ་ངོ་ ༤༠ ཙམ་རིང་དམར་ཤོག་ཚོགས་པའི་ཚོགས་མི་བྱས་ཡོད་པ་དང་། ཁོག་མོ་ནམ་རྒྱུན་རྒྱ་ནག་གི་གྲོང་ཁྱེར་པེ་ཅིན་ནང་གཏན་སྡོད་ཀྱིས་ཏང་གི་སློབ་གྲྭའི་དགེ་རྒན་བྱེད་ཞོར། དམར་ཤོག་ཚོགས་པའི་ཚོགས་མི་ཚོར་སློབ་སྟོན་དང་རྒྱལ་སྤྱིའི་སྟེང་དམར་ཤོག་ཚོགས་པའི་དཔལ་འབྱོར་སོགས་ཀྱི་སྐོར་ལ་གཏམ་བཤད་རིམ་པར་སྤེལ་ཡོད་པ་དང་། ལྷག་པར་དུ་རྒྱ་ནག་གི་མགོ་འཁྲིད་ཅང་ཙེ་མེན་གྱི་སྐབས་སུ་རྒྱ་ནག་གི་དམར་ཤོག་ཚོགས་པ་དང་རྒྱ་ནག་གི་དཔལ་འབྱོར་ལམ་ལུགས་གལ་ཆེན་དུ་བརྩི་མཁན་ཞིག་ཡིན་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༨/༡༩

Leave a Reply