སྲིད་སྤྱི་གཉིས་ཀྱི་འོས་བསྡུར་དེབ་སྐྱེལ་གྱི་གསལ་བརྡ།

འདི་ལོའི་ཕྱི་ཟླ་ ༩ ཚེས་ ༡ ནས་ཕྱི་ཟླ་ ༡༠ ཚེས་ ༡༥ ཉིན་བར་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་མོར་འོས་འཕེན་ཆེད་མིང་གཞུང་ཐོ་འགོད་བྱེད་དགོས་ཀྱི་འདུགདབུས་འོས་བསྡུ་ལས་ཁང་གིས་ཕྱི་ལོ་ ༢༠༢༡ ལོའི་འོས་འཕེན་པའི་མིང་གཞུང་དེབ་སྐྱེལ་གསར་དུ་ཞུ་ཕྱོགས་ཀྱི་ལམ་སྟོན་དོན་ཚན་ ༡༢ ཅན་ཞིག་གསལ་བསྒྲགས་གནང་བ་ལྟར་ན།  འདི་ལོའི་ཕྱི་ཟླ་ ༩ ཚེས་ ༡ ཉིན་ནས་ཕྱི་ཟླ་ ༡༠ ཚེས་ ༡༥ ཉིན་བར་ཐོ་འགོད་གནང་རྒྱུ་ཡིན་པ་དང་། དེ་བཞིན་འོས་འཕེན་མཁན་གྱི་མིང་ཐོ་སྣོན་འཕྲི་བྱ་རྒྱུའི་དུས་ཡུན་ཕྱི་ཟླ་ ༡༠ ཚེས་ ༡༦ ནས་ཚེས་ ༢༠ བར་གཏན་འཁེལ་གནང་འདུག་ལ། མིང་ཐོ་འགོད་ཆེད་མི་མང་ནས་ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༣༡ བར་བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་ཕུལ་ཟིན་པ་དགོས་པ་མ་ཟད།  ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༣༡ བར་རང་ལོ་ ༡༨ ཧྲིལ་པོ་ལོན་རིགས་རྣམས་ནས་མིང་གཞུང་དེབ་འགོད་བྱེད་ཆོག་གི་ཡོད་འདུག

གསལ་བསྒྲགས་ནང་ཐོག་མར་འོས་བསྡུ་ལས་ཁང་གིས།  རྒྱ་ནག་གི་གྲོང་ཁྱེར་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཀྱི་དཀའ་ངལ་སེལ་སླད། བོད་རིགས་མི་མང་གིས་ཁ་རས་གྱོན་པ་དང་རྒྱང་ཐག་འཇོག་པ་སོགས་གནས་ཡུལ་རྒྱལ་ཁབ་ཀྱི་ནད་ཡམས་སྔོན་འགོག་གི་ཁྲིམས་ལུགས་ངེས་པར་སྲུང་བརྩི་གནང་རྒྱུ་གལ་ཆེན་ཡིན་པའི་འབོད་སྐུལ་དང་སྦྲགས། ས་གནས་སོ་སོའི་འོས་བསྡུའི་འགན་འཛིན་གྱི་གཙོ་སྐྱོང་འོག འོས་བསྡུའི་སྒྲིག་གཞིའི་དོན་ཚན་ ༡༧ པའི་ནང་གསེས་ ༣ དགོངས་དོན་དེབ་འགོད་འགན་འཛིན་ནས་རྐང་འགན་བཞེས་ཏེ།  དེ་སྔོན་གྱི་མིང་གཞུང་གཞི་བཅོལ་ཐོག་ཁྱབ་ཁོངས་མང་ཚོགས་ཀྱི་མིང་གཞུང་དེབ་འགོད་ཆད་ལུས་མེད་པར་གཏན་འབེབས་དུས་ཚོད་ནང་ཚུན་ངེས་པར་ཟིན་པའི་འགན་འཁུར་བཞེས་དགོས་པ་དང་། སྒྲིག་གཞི་དོན་ཚན་ ༡༧ ནང་གསེས་ ༤ ལག་བསྟར་གྱིས།  ས་གནས་ཆེ་ཁག་ཏུ་དེབ་འགོད་འགན་འཛིན་ལས་རོགས་དགོས་རིགས་བསྐོ་བཞག་གནང་དགོས་པའི་སྐོར་གསུངས་འདུག

ཕྱི་ལོ་ ༢༠༡༡ ལོའི་བཀའ་སྤྱིའི་འོས་བསྡུའི་ནང་མིང་གཞུང་དེབ་སྐྱེལ་བྱེད་མཁན་ཁྱོན་ ༨༣༩༩༠ ཡོད་པའི་ནང་ནས་དངོས་སུ་འོས་འཕེན་མཁན་མི་གྲངས་༤༩༡༨༤ བྱུང་ཡོད་པ་དང་། ཕྱི་ལོ་ ༢༠༡༦ ལོར་སྲིད་སྤྱིའི་གཉིས་ཀྱི་འོས་བསྡུར་ཁྱོན་དེབ་སྐྱེལ་བྱེད་མཁན་ ༩༠༣༧༧ དང་། དངོས་གཞིར་འོས་བླུག་མཁན་མི་གྲངས་  ༥༩༣༥༣ བྱུང་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༨/༢༠

Leave a Reply