བོད་རིགས་བུ་མོ་ཞིག་གི་འགུལ་བརྙན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ནང་ཚུད།

ཉེ་ལམ་ཁེ་ན་ཌའི་ནང་གནས་སྡོད་བོད་རིགས་བུ་མོ་ཀུན་བཟང་སྐྱིད་རོང་ལགས་ཀྱི་འགུལ་བརྙན་ཡར་ཀླུང་ངམ་ཡར་ཀླུང་གཙང་པོ་ཞེས་པ་དེ་ཡུལ་དེའི་ཨོ་ཊ་ཝ་རྒྱལ་སྤྱིའི་འགུལ་རིས་གློག་བརྙན་དུས་སྟོན་ (Ottawa International Animation Festival)ནང་ཚུད་ཡོད་འདུག

ཡར་ཀླུང་ངམ་ཡར་ཀླུང་གཙང་པོ་ཞེས་པའི་འགུལ་རིས་གློག་བརྙན་དེའི་རིང་ཚད་ལ་སྐར་མ་ ༥ དང་སྐར་ཆ་ ༢༤ ཡོད་འདུག་ལ། དེ་ནི་བོད་རིགས་བུ་མོ་ཀུན་བཟང་སྐྱིད་རོང་ལགས་ཀྱིས་འཁྲིད་སྟོན་བྱས་ཤིང་། ཨི་མེལ་ལེ་ཁར་གཙུག་ལག་སློབ་གྲྭའི་ (Emily Carr University) སྒྱུ་རྩལ་དང་ཇུས་འགོད་ཚན་པས་བཟོས་ཡོད་འདུག ཐེངས་འདིའི་རྒྱལ་སྤྱིའི་འགུལ་བརྙན་དུས་སྟོན་སྟེང་འཛམ་གླིང་རྒྱལ་ཁབ་ ༨༤ ནས་ཁྱོན་གློག་བརྙན་གྲངས་ ༡༩༥༠ འཛུལ་ཞུགས་བྱས་ཡོད་པའི་ཁྲོད། འགུལ་བརྙན་ཐུང་གྲས་ ༩༢ ཙམ་ཞིག་འགྲན་བསྡུར་ནང་འདེམས་ཐོན་བྱུང་ཡོད་འདུག་ལ། དེའི་ཐོག་གློག་བརྙན་ ༡༦ ཙམ་ཞིག་ཁེ་ན་ཌའི་སློབ་མའི་གློག་བརྙན་འགྲན་བསྡུར་ནང་འདེམས་ཡོད་འདུག དེ་བཞིན་གློག་བརྙན་ ༤༡ ཙམ་ཁེ་ན་ཌ་དང་རྒྱལ་སྤྱིའི་སློབ་མའི་ནུས་པ་མཚོན་ཆེད་འདེམས་ཡོད་པ་བཅས་ཁྱོན་གློག་བརྙན་ ༡༤༩ འདེམས་སྒྲུག་བྱས་ཡོད་པའི་ཁྲོད། ཀུན་བཟང་སྐྱིད་རོང་ལགས་ཀྱི་འགུལ་བརྙན་ཡར་ཀླུང་ནི་ཁེ་ན་ཌའི་སློབ་མའི་གློག་བརྙན་འགྲན་བསྡུར་ནང་ཚུད་པ་ཞིག་ཡིན་འདུག

ཁོར་ཡུག་སྲུང་སྐྱོབ་ཀྱི་དྲ་ཚིགས་ (State of The Planet) ཞེས་པའི་ཐོག་བརྙན་དེ་དང་འབྲེལ་ནས་བཅར་འདྲི་བྱས་པ་ཞིག་གི་ནང་། འགུལ་བརྙན་དེའི་བརྗོད་བྱ་གཙོ་བོ་བོད་ཡར་ཀླུང་འདེམས་དགོས་པའི་རྒྱུ་མཚན་གྱི་སྐོར་ལ་ཀུན་བཟང་སྐྱིད་རོང་ལགས་ཀྱིས། ཡར་ཀླུང་གཙང་པོ་ནི་བོད་ཀྱི་ནུབ་རྒྱུད་ནས་རྒྱ་གར་གྱི་ཨ་རུ་ན་ཅལ་སྡེའི་ནང་བཞུར་གྱི་ཡོད་པ་རེད། ངའི་ཨ་མ་ནི་མངའ་སྡེ་དེའི་ནང་གི་ཏི་ཛུ་ (Tezu) བོད་མིའི་གཞིས་གྲོང་དུ་སྐྱེས་པ་དང་། གཞིས་གྲོང་དེ་ནི་ཡར་ཀླུང་གཙང་པོའི་རྒྱུད་དུ་ཆགས་ཡོད་པ་རེད། ང་ཚོའི་ཉིན་རེའི་འཚོ་བ་གཙང་བོར་ཤུགས་ཆེན་བརྟེན་ཡོད་པ་མ་ཟད། ངའི་བྱིས་དུས་ཀྱི་དབྱར་ཁ་ཆ་ཚང་དེར་བསྐྱལ་ཡོད་པ་རེད། ཉིན་རེར་ཐེངས་གསུམ་བཞི་ཙམ་ལ་འཁྲུས་རྒྱག་པ་དང་ཟས་སྣོད་འཁྲུད་པ། འཐུང་ཆུ་ལེན་དུ་འགྲོ་བ་སོགས་ཀྱི་ཆེད་ཆུ་ཁར་འགྲོ་དགོས་པ་རེད། དེ་བཞིན་གཙང་བོ་ནི་བྱིས་པ་ཚོ་རྩེད་མོར་རོལ་ས་གཙོ་བོ་ཞིག་ཡིན་པ་རེད། ཅེས་ཆུང་དུས་ནས་ཡར་ཀླུང་གཙང་བོར་འབྲེལ་འདྲིས་དམ་ཟབ་ཡོད་སྐོར་འགྲེལ་བརྗོད་བྱས་འདུག

ཡང་འགུལ་བརྙན་དེ་བཟོས་པའི་དམིགས་ཡུལ་གྱི་སྐོར་ལ་ཁོང་མོས། རྒྱ་ནག་གཞུང་གིས་གང་བྱུང་ཆུ་མཛོད་གསར་རྒྱག་བྱས་ཏེ་བོད་ནས་འབབ་པའི་གཙང་པོ་དེ་དག་གི་རྒྱུད་དུ་གཞིས་རྟེན་ཆགས་པའི་ཨེ་ཤ་ཡའི་རྒྱལ་ཁབ་མང་པོ་ཞིག་གི་ཡུལ་མིའི་འཚོ་རྟེན་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་སྟབས། དེའི་ཐད་དངོས་བྱུང་གློག་བརྙན་ཞིག་བཟོ་རྒྱུར་བསམ་བློ་ཡང་ཡང་འཁོར་ཡོད་པ་མ་ཟད། ཆུང་དུས་ནས་རང་ཉིད་སྒྲུང་ལ་ཉན་རྒྱུ་དང་བཤད་རྒྱུ་ལ་དགའ་པོ་ཡོད་རྐྱེན། ཐེངས་འདིའི་གློག་བརྙན་དེ་བརྒྱུད་ཡར་ཀླུང་གཙང་པོ་དང་མིའི་འཚོ་བའི་བར་རིན་ཐང་ཇི་ཙམ་ཆགས་ཡོད་པ་ཤེས་རྟོགས་སླད་དུ་ཕབ་བསྐྲུན་བྱས་པ་ཡིན་སྐོར་བརྗོད་འདུག

ཨོ་ཊ་ཝ་རྒྱལ་སྤྱིའི་འགུལ་རིས་གློག་བརྙན་དུས་སྟོན་ (Ottawa International Animation Festival)དེ་འདི་ལོའི་ཕྱི་ཟླ་ ༩ ཚེས་ ༢༣ ཉིན་ནས་ཕྱི་ཟླ་ ༡༠ ཚེས་ ༤ ཉིན་བར་དུ་འཚོག་རྒྱུ་ཡིན་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༨/༡༩

Leave a Reply

One thought on “བོད་རིགས་བུ་མོ་ཞིག་གི་འགུལ་བརྙན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ནང་ཚུད།

  1. ཚེ་རིང་རྒྱལ།

    མིང་ལ་སྐྱིད་རོང་ཀུན་བཟང་ཞེས་བྲིས་ན་ལེགས་པར་མཐོང་། དང་པོ་ཕ་ཡུལ་དང་། གཉིས་པ་རུས། གསུམ་པ་ཁྱིམ་རྒྱུད། མཐའ་མ་དེར་མིང་བཅས་རིམ་པར་བྲིས་ན་བོད་པའི་འབྲི་སྲོལ་མཐུན་པར་སེམས།