ཕྱི་ལོ་ ༢༠༢༡ གི་སྲིད་སྐྱོང་འོས་ཤིང་འཚམ་པ་ཞིག་དགོས་འདུག

ཉི་མ་དབང་མོ། ལྡི་ལི་མཐོ་སློབ།

རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཀྱིས་འཛམ་གླིང་འདིའི་སྒང་གི་མི་ཡོད་ཚད་ལ་ཕལ་ཆེར་དངོས་ཤུགས་བརྒྱུད་གསུམ་ནས་ལུས་སེམས་གཉིས་ལ་སྔར་མེད་པའི་གནོད་སྐྱོན་འཚབ་ཆེན་ཞིག་བཏང་ཡོད་ལ། བོད་མི་དང་བོད་མིའི་ལས་དབང་ལ་ཁ་ཞེ་གཉིས་མེད་ཀྱིས་ཤ་ཚ་ལྡན་པ་རྣམས་ལ་དེའི་སྟེང་དུ་ད་དུང་སེམས་ཁྲལ་འཕར་མ་ཞིག་བྱུང་དང་འབྱུང་བཞིན་ཡོད། ཕྱི་ལོ་ ༢༠༢༠ ལོ་ནི་བོད་མིའི་སྒྲིག་འཛུགས་ངོས་ནས་༸གོང་ས་མཆོག་གི་བཀའ་དྲིན་མཚོན་ཕྱིར། བཀའ་དྲིན་རྗེས་དྲན་གྱི་ལོ་ཞིག་ཏུ་སྲུང་བརྩི་ཞུ་རྒྱུ་གཏན་འཁེལ་གནང་བ་བཞིན་སྲུང་བརྩི་ཞུ་ཐུབ་ཀྱི་མེད་པ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུས་ཀྱི་འོས་འདེམས་བྱ་བའི་ཉིན་མོར་ཉིན་རེ་ནས་ཉེ་བར་སླེབ་བཞིན་པ་དེ་ཡིན།

བོད་གཞུང་མང་གཉིས་ཀྱི་སེམས་ནང་བོད་མིའི་སྒྲིག་འཛུགས་ཀྱིས་འཆར་གཞི་གནང་བ་ལྟར་བཀའ་དྲིན་རྗེས་དྲན་སྲུང་བརྩི་ཞུ་ཐུབ་ཀྱི་མེད་པ་ནི་འདོད་བློ་མ་ཁེངས་པའི་གནས་ཤིག་ཡིན་པ་སྨྲ་མ་དགོས་ཀྱང་། དེ་བས་བློ་འཚབ་ཆེ་བ་ནི། གལ་ཏེ་གཉན་རིམས་དེའི་ཛ་དྲག་ད་དུང་དེ་བཞིན་མུ་མཐུད་ནས་གནས་ན། ང་ཚོ་ནི་ཡུལ་གྱར་བ་ཞིག་ཡིན་སྟབས། ཡུལ་ཆུ་འཐུང་ན་ཡུལ་ཁྲིམས་འཁྱེར་འགྲོ་དགོས་ཞེས་གཏམ་དཔེ་ཡོད་པ་བཞིན། བོད་མི་བཙན་བྱོལ་བ་རྒྱ་གར་ཕྱི་ནང་ཡུལ་གྲུ་གང་དུ་ཡོད་ཀྱང་། གནས་སྐབས་རིང་ཡུལ་དེའི་ཁྱིམ་སྡོད་དང་སྤྱི་ཚོགས་རྒྱང་བཀྱེད་ཀྱི་བཀའ་རྒྱ་སོགས་ལ་ངེས་པར་བརྩི་སྲུང་བྱེད་དགོས་པ་ལས་རང་སྣང་གང་ཤར་བྱེད་མ་ཆོག་པས། སྲིད་སྐྱོང་དང་སྤྱི་འཐུས་གཉིས་ཀྱི་འོས་བསྡུའི་ལས་རིམ་དེ་དག་ཇི་འདྲ་ཞིག་ཡོང་བསམ་པ་དེ་ཡིན།

རང་ཡུལ་རྒྱ་དམར་གྱིས་བཙན་འཕྲོག་བྱས་རྗེས་བོད་མི་གཞིས་བྱེས་གཉིས་སུ་གྱེས་པའི་བརྒྱུད་རིམ་ཁྲོད་ནས་གཞིས་བཞུགས་སྤུན་ཟླ་རྣམ་པ་རྒྱ་དམར་གྱི་སྲིད་ཇུས་གདུག་རྩུབ་འོག་ད་དུང་ཡང་ལུས་སེམས་གཉིས་ཀྱི་ཐོག་དཀའ་ངལ་མྱངས་དང་མྱོང་བཞིན་ཡོད་པ་དང་། བྱེས་ལ་འབྱོར་བའི་སྤུན་ཟླ་རྣམ་པ་ཆེས་ཐོག་མར་གཞན་ཡུལ་གྱི་སྐད་ཡིག་མ་ཤེས་པའི་སྟེང་གནམ་གཤིས་དང་ཡུལ་སྲོལ་གོམས་གཤིས་མ་འདྲ་བས་དཀའ་སྡུག་སྣ་ཚོགས་མྱངས་ཡོད་ཀྱང་། གཙོ་བོ་༸གོང་ས་མཆོག་གི་བཀའ་དྲིན་དང་མི་སྒེར་སོ་སོའི་ཞུམ་པ་མེད་པའི་སྙིང་སྟོབས་སོགས་ལ་བརྟེན་ནས་རིམ་གྱིས་འཚོ་བའི་གནས་སྟངས་ཇེ་ཡག་ཏུ་སོང་སྟེ། ཟུར་དུ་གཞིས་ཆགས་དང་བོད་མིའི་སྒྲིག་འཛུགས། དེ་བཞིན་མ་འོངས་སོན་རྩའི་ཆེད་སློབ་གྲྭ་སོགས་བཙུགས་ཐུབ་པ་རེད། ད་ཆ་བྱེས་ཀྱི་བོད་མི་རྣམས་ནི་བཙན་བྱོལ་བ་འདྲ་འདྲའི་ནང་ནས་མ་འདྲ་བ་ཞིག་གྱུར་ཡོད་པ་མ་ཟད། བཙན་བྱོལ་དུ་འཚར་ལོངས་བྱུང་བའི་གཞོན་སྐྱེས་ཤིག་ཡིན་ན་ཡི་གེ་འབྲི་ཀློག་གི་ཆུ་ཚད་གཏིང་ཟབ་ལོས་ཇི་ལྟར་ཡང་། གང་ལྟར་ཕལ་ཆེར་གྱིས་ལག་ཐོགས་ཁ་པར་དང་དྲ་རྒྱ་ཁ་སྔོག་མ་ཤེས་པ་ཞིག་མེད་སྟབས། དྲ་ཐོག་ནས་འོས་ཤོག་དང་འབྲེལ་བའི་ལས་འགུལ་ལ་ལྟ་ཉན་ཐུབ་པ་ནི། ད་ལྟ་ནད་ཡམས་ཀྱིས་རྐྱེན་བྱས་ཏེ་གནས་སྟངས་སྐྱོ་བོ་ཡིན་སྐབས་ཀྱི་སེམས་ཁྲལ་དང་རྐྱེན་ངན་བར་ནས་ད་དུང་རེ་བ་བཟང་པོ་བརྒྱབ་ཆོག་པ་ཞིག་ཡིན་པ་རེད།

༸གོང་ས་མཆོག་གིས་ཐུགས་ཞིབ་ཟབ་མོ་གནང་སྟེ་ང་ཚོར་དགའ་བཞིན་སྤྲོ་བའི་ངང་དམངས་གཙོའི་གཞུང་ཞིག་གསོལ་རས་གནང་བ་དེ། ང་ཚོས་ཆུད་ཟོས་སུ་མ་གཏང་བར་གོ་སྐབས་དམ་འཛིན་གྱིས་བེད་སྤྱོད་ལེགས་པར་བཏང་ན། གཅིག་ནས་༸གོང་ས་མཆོག་བཞེད་དགོངས་འགྲུབ་ཅིང་། གཉིས་ནས་མ་མཐར་ང་ཚོ་གོ་ཆོད་པ་ལྟ་བུ་ཞིག་ཏུ་གནས་སྐབས་བརྩི་ཆོག་པ་ཞིག་ཡིན། དེ་མིན་ང་ཚོས་གལ་ཆེན་ལ་དོན་ཆེན་མ་བརྩི་བར་རང་སྣང་གང་ཤར་བྱེད་པ་དང་། མནོ་བསམ་ཡག་པོ་མ་གཏང་བར་གོ་ལོ་ཐོས་ལོ་བཞིན་འོས་ཤོག་འཕངས་ནས་རྩེད་མོའི་སྣང་བ་ཙམ་བྱེད་པ། དེ་བཞིན་ཉག་ཕྲ་བའི་བོད་ཀྱི་བསྟན་སྲིད་གཉིས་རྒྱ་ཡན་དུ་བཏང་ནས་ཉེ་དགའ་ཕྱོགས་ཞེན་སོགས་ཀྱི་དབང་དུ་སོང་ན། སྦར་མཐིལ་གང་ལས་མེད་པའི་བཙན་བྱོལ་གྱི་བོད་མིའི་ཆིག་སྒྲིལ་ལ་རང་བཞིན་གྱིས་དོ་ཕོག་འབྱུང་རྒྱུ་མ་ཟད། དེ་ལ་བརྟེན་ནས་བོད་བསྟན་པ་ཆབ་སྲིད་ལ་གྱོང་གུད་ཆེན་པོ་ཞིག་འབྱུང་རྒྱུ་ངེས་དགོས་ལ། འདས་པའི་ལོ་ཟླའི་ནང་བྱུང་བའི་འཁྲུག་ཆ་ལ་བརྟེན་ནས་ང་ཚོའི་སྤྱི་ཚོགས་ནང་རྡབ་གསིག་ཇི་ཙམ་བྱུང་བ་སེམས་ལ་བཞག་ཏེ་མ་འོངས་པར་དེ་འདྲ་ཞིག་སླར་ཡང་མ་ཡོང་ཆེད་འབད་བརྩོན་བྱེད་དགོས་རྒྱུ་ནི། འོས་འཕེན་མཁན་ཙམ་མིན་པར་འོས་མིར་ལང་མཁན་ཚོས་ཀྱང་དེའི་ཐོག་འགན་འཁུར་གནང་དགོས་རྒྱུ་གལ་ཆེན་ཞིག་ཏུ་མཐོང་ལ། སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མར་ལེགས་ཆ་བླང་པ་དེ་མཁས་པ་དང་ཡ་རབས་ཀྱི་ཀུན་སྤྱོད་ཅིག་ཀྱང་ཡིན་ལགས།

བར་སྐབས་སྤྱི་ཚོགས་དྲ་ལམ་ཞིག་གི་ཚོགས་པ་ག་གེ་མོའི་ནང་ཆོལ་ཞེན་གྱིས་ཀུན་ནས་བླངས་ཏེ། སྲིད་སྐྱོང་འོས་མིར་བཞེང་འདོད་ཡོད་པའི་བུད་མེད་ཅིག་གི་མཚན་ནས་སྨྲས་ཤིང་། དེའི་ཆོལ་ཁ་དེ་རེད། དེ་སླེབས་ན་ཡག་པོ་མིན་ཚུལ། དེའི་འོས་གྲངས་ཉུང་དུ་གཏོང་ཕྱིར་འོས་མི་དེ་འདྲ་ཞིག་བསླང་དགོས་ཚུལ་སོགས་རྙོག་གཏམ་དང་དཀྲོག་གཏམ་ལུང་པ་གང་བཤད་བསྡད་པ་ལས། དོན་དམ་པར་སེམས་བརྣལ་དུ་བཞག་ཏེ་བོད་བསྟན་པ་ཆབ་སྲིད་ལ་ཕན་གནོད་ཇི་ལྟར་ཡོང་མི་ཡོང་སྐོར་སྐད་ཆ་སྣ་གཅིག་ཀྱང་བཤད་མིན་འདུག སྐད་ཆ་དེ་ཐོས་རྗེས་འདས་པའི་ལོ་ཟླའི་ནང་གི་འཁྲུག་ཆ་དེ་དྲན་ཞིང་སླར་ཡང་དེ་འདྲ་ཞིག་འབྱུང་རྒྱུའི་སྔ་ལྟས་མིན་ནམ་དྲན་ཏེ་སེམས་ལ་མ་བདེ་བ་དང་སེམས་ཁྲལ་ཆེན་པོ་ཞིག་བྱུང་།

སྤྱིར་ཡོང་འགྱུར་གྱི་འོས་བསྡུའི་རྒྱུད་རིམ་ཁྲོད་དངོས་གནས་འོས་མི་འོས་ཤིང་འཚམས་པའི་སྐྱེས་པ་ཕོ་མོ་སུ་ཞིག་སླེབས་ཀྱང་ང་ལ་མཚོན་ན་བརྩི་བཀུར་དང་དང་ལེན་ཞུ་རྒྱུ་ལས་མ་དགའ་བའི་རྣམ་འགྱུར་བསྟན་དགོས་དོན་ཅི་ཡང་མེད། ལྷག་པར་དུ་བོད་ཀྱི་སྲིད་སྐྱོང་ལ་བུད་མེད་ཅིག་སླེབས་ན་ད་དུང་དགའ་བསུ་དང་སྤོབས་པ་བྱེད་རྒྱུ་ལས་སྐྱོ་སྣང་དང་སེམས་ཁྲལ་ཞིག་ཡོང་དོན་མིན་འདུག་སྙམ། ༸གོང་ས་མཆོག་གིས་ལོ་ཤས་གོང་ནས་ཡང་ནས་ཡང་དུ་བུད་མེད་ལ་ཁྱད་ཆོས་ཤིག་ཡོད་པ་ནི་རང་བཞིན་གྱིས་བྱམས་བརྩེའི་ནུས་སྟོབས་ཆེ་བ་དང་། རྒྱལ་ཁབ་ཀྱི་འགོ་ཁྲིད་བྱས་ན་ཕོ་ལས་མོས་ཡག་པ་བྱེད་ཐུབ་པའི་དགོངས་ཚུལ་གསུངས་བ་མཇལ་མྱོང་ལ། ད་ལོ་ཏོག་དབྱིབས་གཉན་རིམས་ལ་བརྟེན་ནས་འཛམ་གླིང་གི་རྒྱལ་ཁབ་ཡོད་ཚད་སེམས་ཁྲལ་དང་དཀའ་ངལ་ནང་ལྷུང་སྐབས། གདོང་ལེན་ཡག་ཤོས་དང་མྱུར་ཤོས་བྱེད་མཁན་རྒྱལ་ཁབ་ནི། ནེའུ་ཛི་ལེན། ཨོ་སི་ཏི་ལི་ཡ། ཇར་མ་ནི། དེ་བཞིན་ཐའེ་ཝན་བཅས་ཡིན་པ་དང་། རྒྱལ་ཁབ་དེ་ཚོའི་འགོ་ཁྲིད་ནི་བུད་མེད་ཡིན་འདུག་པ་དེས་༸གོང་ས་མཆོག་གི་གསུང་ལ་བདེན་དཔང་བྱས་ཡོད།

ང་ལ་མཚོན་ན། གལ་སྲིད་ད་རེས་བོད་ཀྱི་སྲིད་སྐྱོང་ལ་བུད་མེད་ཅིག་སླེབས་ན་དེ་བས་བོད་ཀྱི་གཟི་བརྗིད་ཅིག་ཆགས་འགྲོ་གི་རེད་སྙམ། དེ་ཡང་ཁོང་ནི་བོད་ཀྱི་ལོ་རྒྱུས་ཁྲོད་བུད་མེད་ཀྱི་སྲིད་སྐྱོང་དང་པོ་ཆགས་རྒྱུ་མ་ཟད། ཡང་སྒོས་དེས་རྒྱལ་སྤྱིའི་སྟེང་བོད་ཀྱི་སྤྱི་ཚོགས་ནང་ཕོ་མོ་འདྲ་མཉམ་ཡོད་པ་མཚོན་ཐུབ་ཀྱི་རེད། འཛམ་གླིང་འདིའི་སྒང་རང་དབང་རང་བཙན་གཙང་མ་ཡིན་པའི་རྒྱལ་ཁབ་མང་པོའི་ནང་བུད་མེད་རྣམས་ལ་ད་དུང་རྒྱལ་ཁབ་ཀྱི་འགོ་ཁྲིད་བྱ་རྒྱུ་ཕར་ཞོག་གཞི་རྩའི་ཤེས་ཡོན་སྦྱོང་བའི་ཐོབ་ཐང་ཡང་སྤྲོད་ཀྱི་མེད་སྟབས། རང་དབང་རང་བཙན་མེད་པའི་རྒྱལ་ཁབ་ཅིག་ལ་བུད་མེད་འགོ་ཁྲིད་ཅིག་སླེབ་པར་སྤོབས་པ་བྱེད་འོས་པ་ལས་སྐྱོ་སྣང་དང་གཉའ་ཞུམ་དགོས་པ་ཞིག་གང་ཡང་མིན་འདུག་སྙམ།

གང་ལྟར་མདོར་བསྡུས་ཏེ་བཤད་ན། དེང་སང་འཛམ་གླིང་གི་ཆབ་སྲིད་ལ་འགྱུར་བ་ཆེན་པོ་ཞིག་འགྲོ་བཞིན་པ་དང་། རྒྱ་ནག་གིས་ནད་ཡམས་དེ་དུས་ཐོག་གསལ་བསྒྲགས་མ་བྱས་པར་སྦས་གསང་བྱས་སྟབས། རྒྱལ་ཁབ་མང་པོ་ཞིག་གིས་མ་དགའ་བའི་རྣམ་འགྱུར་སྔར་ལས་ཇེ་ཆེར་འགྲོ་བཞིན་པའི་སྐབས་དེར། གོ་སྐབས་དེ་བཟུང་ནས་བོད་ཀྱི་གནད་དོན་འཛམ་གླིང་གི་སྡིངས་ཆའི་སྟེང་གླེང་ཐུབ་མཁན་གྱི་འགོ་ཁྲིད་ཅིག་དགོས་ཀྱི་འདུག་ན། བོད་མིའི་སྒྲིག་འཛུགས་ངོས་ནས་རེ་འདུན་གནང་བ་ལྟར། ད་རེས་ང་ཚོས་ངེས་པར་དུ་འོས་བསྡུ་ལ་མཉམ་ཞུགས་གནང་དགོས་ལ། སོ་སོའི་ཕྱོགས་ཞེན་གྱི་ཀུན་སློང་ཕར་བཞག་ནས་བོད་ཀྱི་བསྟན་པ་ཆབ་སྲིད་སྙིང་ལ་བཅངས་ཏེ། སྤྱིར་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་ལ་རྒྱུས་མངའ་ལྡན་ཞིང་། ཡང་སྒོས་བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་ལ་མཁྱེན་རྒྱ་ཡངས་པ་མ་ཟད། བོད་ཀྱི་གནད་དོན་དེ་འཛམ་གླིང་སྡིངས་ཆའི་སྟེང་གསལ་པོར་བྱེད་ནུས་པའི་མི་ཞིག་སྲིད་སྐྱོང་ལ་སླེབ་ཐབས་འབད་བརྩོན་བྱ་དགོས་རྒྱུ་དེ་གལ་ཆེན་ནང་ནས་དོན་ཆེན་ཞིག་ཏུ་མཐོང་གི་འདུག

མཆན། གོང་གསལ་བསམ་ཚུལ་རྩོམ་ཡིག་དེ་ནི་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་ལྟ་བ་ལངས་ཕྱོགས་ཡིན་པས་མ་ཁྱབ། 

བསྐྱར་བཅོས།: ༢༠༢༠/༠༨/༢༦

Leave a Reply

9 thoughts on “ཕྱི་ལོ་ ༢༠༢༡ གི་སྲིད་སྐྱོང་འོས་ཤིང་འཚམ་པ་ཞིག་དགོས་འདུག

  1. མི་མང་ཚོ་ 2021 འོས་ཤོག་ལ་ ཟབ་ཟབ་བྱེད་མ་གཏོགས་ དབུ་དཀར་ཚང་(བསྐལ་རྡོར་)ཟེར་མཁན་དེ་ སྲིད་སྐྱོང་ལ་སླེབ་ཡ་ཉན་ཁ་ཡོད་རེད་ད། ཁོང་ཚོ་གྲལ་ཏེ་ ཨ་སྒོར་ ས་ཡ་གཅིག་དང་ཕྱེད་ཀ དང་ ས་ཡ་ཉི་ཤུ་ཡིས་སྐད་ཆ་ཡོད་པ།། 😂 😂 😂 😅 ད་ལན་་་ བཀའ་ཟུར་བློ་བཟང་སྙན་གྲགས་ལགས་དང་། བྲོང་ཆུང་དངོས་སྒྲུབ་ལགས་གཉིས་ཤུག་བརྒྱབ།

  2. གླད་མེད་བུད་མེད་མང་པ་ཞིག་གིས་བུད་མེད་ཡིན་པ་ཙམ་རྒྱུ་མཚན་དུ་བྱས་ནས་འདི་ལྟར་གནང་བ་ཡིད་ཕངས་དགོས་པ་ཞིག་རེད་
    སྔོན་པ་བུད་མེད་འདི་ཚོ་ངོ་གནས་དྲང་ནས་ཤར་ནུབ་གང་ན་ཡང་སསྤྱི་ཚོགས་དགྲིགས་ཐབས་བྱེད་གིས་

    1. ཚེ་བརྟན་འགྱུར་མེད།

      ཉི་མ་དབང་མོ་ལགས་ནས་ཀྱི་འཆད་རྩོམ་ནང་སྤྱི་སྒེར་གཉིས་ཀྱི་དགོངས་ཚུལ་ཡག་པོ་ཞིག་གནང་འདུག བློ་བཟང་ཁྱེད་ལས་གཞན་ཚང་མས་མོས་མཐུན་ཞུས་འདུག གླད་པ་ལ་ཞིག་ན་འཛམ་གླིང་སྤྱི་དང་ལྷག་དོན་རང་རེའི་སྤྱི་ཚོགས་ནང་ཡག་པའམ་ལེགས་པ་དེ་བུད་མེད་ཡོང་བཞིན་འདུག ཉི་མ་དབང་མོར་ཆ་མཚོན་ན་ལྡི་ལི་མཐོ་སློབ་ནང་ཡོད་འདུག དེར་སོང་གླད་མེད་བུད་མེད་མང་པ་ཞིག་ཅེས་བྲི་དོན་མིན་འདུག འཆད་རྩོམ་ཐོག་རྒྱུ་མཚན་ལྡན་པའི་བསམ་ཚུལ་ཡོད་ན་ཞུ་བ་ལས་འཇོན་མེད་ཀྱི་ང་རྒྱལ་ལས་ཅི་ཕན། སྤྱི་ཡོངས་ནས་བསམ་ཞིབ་ཞུ་གལ། བུད་མེད་ཀྱི་ནུས་པའི་སྐོར་ཁོ་མོ་ནས་རྩོམ་ནང་འགྲེལ་བཤད་ཞུས་འདུག་པ་མ་ཟད་ཤེས་འཇོན་ལྡན་འཛམ་གླིང་མི་མང་མང་པོ་ནས་ཆ་འཇོག་ཞུ་བའི་བོད་མི་སྐྱབས་བཅོལ་བའི་ཡང་དག་པའི་དབུ་འཁྲིད་ཉིད་ནས་ཀྱང་བཀའ་མང་བོ་ཕེབས་ཡོད། བུད་མེད་སྒེར་སོ་སོར་ནུས་པ་ཡོད་མེད་དེ་ལས་དོན་དུ་དམིགས་པའི་ངང་སོ་སོས་ཐག་གཅོད་རྒྱུ་དེ་རེད། སྐབས་སུ་བབ་པའི་རང་རེའི་ ༢༠༢༡ སྲིད་སྐྱོང་འོས་འདེམས་ནང་ད་ལྟའི་འཆར་བུད་མེད་གཅིག་ཡོད་པའི་རྒྱ་རི་སྒྲོམ་མ་ལགས་སུ་ཞིབ་ན་འོས་མི་ཚང་མས་ནང་ནས་འོས་ཤོས་ཡིན་པ་ཞུས་ནའང་མ་འཐུས་པ་ཅི་འདུག་གམ།

  3. གཞུང་པ་ཚེ་དབང་བསོད་ནམས་

    གོང་གི་དཔྱད་རྩོམ་ལ་བརྒྱ་ཆ་བརྒྱ་རྒྱབ་སྐྱོར་ཡོད་སྤྱི་ཚོགས་ཀྱི་འཕེལ་རིམ་དང་དུས་ཀྱི་འགྱུར་བ་རྒྱལ་སྤྱིའི་གནས་བབ་ཕོ་མོ་འདྲ་མཉམ་ཟེར་བའི་ཐ་སྙད་སོགས་ལ་འགན་འཁུར་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བུད་མེད་ཀྱི་ནུས་སྟོབས་སྤེལ་རྒྱུ་ཟེར་བའི་ལས་འཆར་ལ་ང་ཚོའི་འགན་འཁུར་ནས་བོད་ཀྱི་བུད་འཛམ་གླིང་སྟེང་མིང་གྲགས་ཐུབ་པའི་འགན་བཞེས་ནས་རྗེས་ལོ་༢༠༢༡ གི་སྲིད་སྐྱོང་ལ་བུད་མེད་ཞིག་སླེབས་དགོས་པ་དེ་བོད་མི་རིགས་ལ་བསམ་ན་ལོ་རྒྱུས་ཀྱི་ངོ་སྤྲད་པའི་རྒྱལ་ཁ་ཆེན་པོ་ཞིག་ཡིན་པའི་ངོས་འཛིན་ཞུ་གི་ཡོད།

    1. དགེ་སྒྲུབ།

      བོད་གཞུང་མང་གཉིས་ཞེས་ཁྱོད་ཀྱིས་གསུངས་འདུག་ཀྱང་
      བོད་གཞུང་མིང་ཙམ་མེད་པ་ཟོམ་གདོང་གིས་བཟོས་ཟིན་པས།
      བོད་དབུས་མང་གཉིས་སམ་ ཡང་ན་བོད་སྒྲིག་མང་གཉིས་ཞེས་འབོད་དགོས་ཐུག་ས་རེད

      སྤྱིར་ན་གཞུང་མང་ཟེར་ན་གཞུང་མང་པོའི་དོན་བསྟན་པ་ལས་བོད་གཞུང་དམངས་ཀྱི་དོན་བསྟན་པ་འདིའང་ཟོམ་གདོང་གི་སྒེར་གཅོད་རེད།

      དེ་བཞིན་ཁྱོད་ཀྱིས་དམངས་གཙོའི་གཞུང་ཞིག་གསོལ་རས་གནང་ཟེར་བ་ཡང་མི་བདེན་ཏེ།
      ཟོམ་གདོང་གི་འདོད་པ་ལྟར་ན་མང་གཙོའི་སྒྲིག་འཛུགས་ཞིག་གསོལ་རས་གནང་བ་མིན་ནམ?

      1. བོད་ཀྱི་གནས་བབ་གཉན་འཕྲང་ཅན་འདིར་ཕོ་ཕོ་དབྱེ་འབྱེད་ཀྱིས་བེུད་ཀྱི་སྲིད་སྐྱོང་དགོས་ལུགས་དང་དེས་རྒྱལ་སྤྱིའི་ནང་ཆེས་མཐོང་ཟེར་བ་ནི་བོད་མི་རིགས་ལ་ད་ལྟའི་འཆར་ཁ་ཚ་དགོས་གཏུག་གཅིག་མིན། ཕོ་མོ་སུ་ཡིན་རུང་དབུ་ཁྲིད་གནང་ཐུབ་མཁན། མང་ཚོགས་ཀྱིས་ཡིད་ཆེས་ཞུ་ཐུབ་མཁན། ཁ་སྙན་ཚིག་སྙན་དང་གཏམ་བཤད་སྙན་པོས་མགོ་བསྐོར་གཏོང་མཁན་མིན་པར་རང་གི་གནས་བབ་དངོས་ཡོད་དང་རན་པར་མང་ཚོགས་མཉམ་ཁྲིད་གནང་ཐུབ་མཁན་གཅིག་སྲིད་སྐྱོང་ལ་འོས་པ་ཡིན། དེ་བེུད་གཅིག་ཡིན་ཀྱང་ཆོག སྐྱེས་པ་ཡིན་ཀྱང་ཆོག ༢༠༡༦ ལོའི་སྲིད་སྐྱོང་འོས་བསྡུའི་སྐབས་ནས་ད་བར་བཙན་བྱོལ་སྤྱི་ཚོགས་ནང་ལབ་གླེང་སྣ་ཚོགས་དང་འབྲེལ་ཡོད་སྐྱེས་བུ་སུ་གཅིག་གིས་ད་ལོའི་སྲིད་སྐྱོང་འོས་བསྡུའི་ནང་ལག་སྦྲེལ་མ་གནང་ཚེ་སྤྱི་ཚོགས་ཆམ་མཐུན་ཡོང་བའི་ལམ་སྒོ་ཕྱེ་ཐུབ།

      2. དགེ་སྒྲུབ།

        ནོར་བཅོས། སྤྱིར་ན་གཞུང་མང་ཟེར་ན་གཞུང་མང་པོའི་དོན་བསྟན་པ་ལས་བོད་གཞུང་དམངས་ཀྱི་དོན་མི་བསྟན་པ་འདིའང་ཟོམ་གདོང་གི་སྒེར་གཅོད་རེད།