ཡུ་རོབ་མཐུན་ཚོགས་བྷེ་ལ་རུ་སི་མི་མང་རྒྱབ་ཏུ་ཡོད།

ཡུ་རོབ་མཐུན་ཚོགས་ཀྱིས་བྷེ་ལ་རུ་གཞུང་གིས་བསྒྲགས་པའི་ཡུལ་དེའི་སྲིད་འཛིན་འོས་བསྡུའི་གྲུབ་འབྲས་ལ་ངོས་ལེན་མེད་པའི་བསྒྲགས་གཏམ་སྤེལ་འདུག

ཁ་སང་ཕྱི་ཚེས་ ༡༩ ཉིན། ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱིས་ཉེ་སྔོན་ཕྱི་ཟླ་ ༨ ཚེས་ ༩ ཉིན་ཤར་ཡོ་རོབ་ཀྱི་བྷེ་ལ་རུ་སིའི་(Belarus)རྒྱལ་ཁབ་ཀྱིས་ཡུལ་དེའི་སྲིད་འཛིན་འོས་བསྡུ་བྱས་ཏེ། འོས་བསྡུའི་གྲུབ་འབྲས་ཁྲོད་གཞུང་འཛིན་སྲིད་འཛིན་ཁྰ་ཤིན་ཁོ་(Lukashenko)ལ་འོས་གྲངས་བརྒྱ་ཆའི་ ༨༠ ཐོབ་ནས་བསྐྱར་དུ་རྒྱལ་ཁ་ཐོབ་ཡོད་སྐོར་བསྒྲགས་པ་དེར་ངོས་ལེན་མེད་པ་མ་ཟད། ཡུལ་དེའི་མི་མང་གིས་འོས་བསྡུ་དྲང་བོ་བྱུང་མེད་སྐོར་བརྗོད་ནས་སྲིད་གཞུང་ལ་ངོ་རྒོལ་དང་རྩོད་རྙོག་ཆེན་པོ་བྱུང་བཞིན་པར། ཡུ་རོབ་མཐུན་ཚོགས་ནས་བྷེ་ལ་རུ་སི་མི་མང་ལ་རྒྱབ་སྐྱོར་ཡོད་སྐོར་བསྒྲགས་འདུག

དེ་འབྲེལ་གནད་དོན་ཐད། ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོ་དང་། ཡུ་རོབ་རྒྱལ་ཁབ་ཁག་གི་འགོ་ཁྲིད་བཅས་ཀྱིས་དྲ་ཐོག་བརྒྱུད་བྷེ་ལ་རུ་སིའི་ (Belarus) འོས་བསྡུ་དང་འབྲེལ་ནས་ཚོགས་འདུ་ཞིག་འཚོགས་ཡོད་པ་དང་། སྐབས་དེར་ཡུ་རོབ་ལྷན་ཚོགས་ཀྱི་ཡོ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོ་མཱི་ཆེལ་གྱིས། ཡོ་རོབ་མཐུན་ཚོགས་ཀྱི་རྒྱལ་ཁབ་ཚོས་བྷེ་ལ་རུ་མི་མང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། སྲིད་འཛིན་གྱི་འོས་བསྡུ་དེ་ནི་རང་དབང་དང་དྲང་བདེན་གང་ཡང་བྱུང་མེད་ཁར། རྒྱལ་སྤྱིའི་ཚད་གཞི་དང་མཐུན་མེད་པས། བྷེ་ལ་རུ་གཞུང་གིས་གསལ་བསྒྲགས་བྱས་པའི་འོས་བསྡུའི་གྲུབ་འབྲས་དེར་ངོས་ལེན་མེད་པ་མ་ཟད། སྲིད་འཛིན་ཁྰ་ཤིན་ཁོ་ཡིས་མི་མང་གི་ངོ་རྒོལ་སྐབས་འཛིན་བཟུང་བཙོན་མཇུག་བྱས་པའི་ལས་འགུལ་བ་རྣམས་ཀློད་གྲོལ་གཏོང་དགོས་སྐོར་སོགས་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་བྷེ་ལ་རུ་སིའི་རྒྱལ་སའི་ནང་མི་གྲངས་འབུམ་གཅིག་ལྷག་ཁྲོམ་གཞུང་དུ་ཐོན་ཏེ། སྲིད་འཛིན་གྱི་འོས་བསྡུའི་གྲུབ་འབྲས་ནི་རྫུན་བཟོ་བྱས་པ་ཞིག་ཡིན་པ་དང་། སྲིད་འཛིན་ལའོ་ཁྰ་ཤིན་ཁོ་ཡིས་སྲིད་འཛིན་གྱི་ལས་གནས་ནས་དགོངས་པ་ཞུ་དགོས་པའི་དགོས་འདུན་བཏོན་པ་མ་ཟད། ཕྱི་ལོ་ ༡༩༩༦ ལོར་རང་བཙན་ཐོབ་རྗེས་ཀྱི་སྲིད་གཞུང་ལ་ངོ་རྒོལ་ཁྲོམ་སྐོར་ཆེ་ཤོས་དེ་བྱས་ཡོད་པ་དང་། སྐབས་དེར་སྲིད་འཛིན་ལའོ་ཁྰ་ཤིན་ཁོ་ཡིས་ཐེངས་འདིའི་སྲིད་འཛིན་གྱི་འོས་བསྡུ་ནི་ཁྲིམས་མཐུན་ཡིན་པ་དང་། འོས་གྲངས་བརྒྱ་ཆའི་ ༨༠ ལྷག་བྱུང་ཡོད་པ་དེ་ཚོ་རྫུན་བཟོ་ཡིན་མི་སྲིད་པ། དེ་བཞིན་སྲིད་འཛིན་གྱི་ལས་གནས་ནས་དགོངས་ཞུ་བྱ་རྒྱུ་མིན་སྐོར་བསྒྲགས་ཡོད་པ་རེད།

ཐེངས་འདིའི་འོས་བསྡུའི་ཁྲོད་སྲིད་འཛིན་ལའོ་ཁྰ་ཤིན་ཁོ་ཡི་ཁ་གཏད་ཆེ་ཤོས་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་དང་ཆབ་སྲིད་པ་(Tikhanovskaya)ལགས་འོས་བསྡུའི་སྐབས་འཛིན་བཟུང་བྱས་ཏེ་ཆུ་ཚོད་འགའི་རིང་བཀག་ཉར་བྱས་པ་སོགས་ལ་བརྟེན། ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་ཁོ་མོ་ལའེ་ཐོ་ནེ་ཡ(Lithuania)ནང་སྐྱབས་བཅོལ་པའི་ཚུལ་དུ་གནས་ཡོད་པ་དང་། ཁོང་མོས་བརྙན་ཐུང་ཞིག་བརྒྱུད་བྷེ་ལ་རུ་སིའི་བདེ་སྲུང་དང་ཁྲིམས་དོན་ལས་མི་རྣམས་ཀྱིས་སྲིད་འཛིན་ལའོ་ཁྰ་ཤིན་ཁོ་ཡི་འཛིན་སྐྱོང་ལ་ལག་འབྲེལ་བྱ་རྒྱུ་མཚམས་འཇོག་བྱ་དགོས་པའི་འབོད་སྐུལ་དང་། ད་ལྟའི་འཛིན་སྐྱོང་ལས་ལོགས་སུ་ཕྱིན་ཚེ་འདས་པའི་བྱས་ཉེས་ལ་མི་མང་གིས་ཁེངས་ར་བྱེད་མི་སྲིད་སྐོར་བརྗོད་ཡོད་པ་མ་ཟད། ད་ལྟའི་དུས་སུ་ཁོང་མོ་རྒྱལ་ཡོངས་ཀྱི་མགོ་ཁྲིད་བྱེད་པར་གྲ་སྒྲིག་ཡོད་སྐོར་སོགས་བརྗོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༨/༢༠

Leave a Reply