ཨ་རིའི་ཕོ་བྲང་དཀར་པོའི་སློབ་སྟོན་པ་ཟུར་པ་འཛིན་བཟུང་བྱས།

ཨ་རིའི་ཕོ་བྲང་དཀར་པོའི་སློབ་སྟོན་པ་ཟུར་པ་བྷན་ནོན་སོགས་ཀྱིས་མེག་སི་ཀོ་མཐའ་མཚམས་ལྕགས་རིས་བསྐོར་བའི་ལས་གཞི་ཡི་རོགས་དངུལ་མང་པོ་སྒེར་སྤྱོད་བྱས་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་ཨ་རིའི་ཕོ་བྲང་དཀར་པོའི་སློབ་སྟོན་པ་ཟུར་པ་སི་ཊི་ཝི་བྷན་ནོན(Steve Bannon)སོགས་མི་བཞི་ཡིས། “ང་ཚོས་ལྕགས་རི་འཛུགས(We Build the Wall)”ཞེས་པའི་ལས་གཞིའི་ཆེད་རོགས་དངུལ་ཞལ་འདེབས་འབོར་ཆེན་བསྡུ་རུབ་བྱས་ཏེ། ཞལ་འདེབས་གནང་མཁན་ལ་མགོ་སྐོར་བཏང་བ་དང་། སྤྱི་དངུལ་སྒེར་སྤྱོད་བྱས་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་འདུག

ཞུ་སྦྱོར་བས་ཨ་རིའི་ནེའུ་ཡོག་ཁྲིམས་ཁང་ལ་ཕུལ་བའི་གཏུག་ཡིག་ནང་དུ། ད་ལྟའི་ཆར་ང་ཚོས་ལྕགས་རི་འཛུགས་ཞེས་པའི་ལས་གཞི་དེའི་ཆེད་ཨ་སྒོར་ས་ཡ་ ༢༥ ཙམ་བསྡུས་ཡོད་པའི་ནང་ནས་ས་ཡ་ ༡ ལྷག་བྷན་ནོན་དང་ཁོའི་རོགས་པ་ཚོས་ཡུལ་སྐོར་སྤྲོ་འཆམ་དང་ཆང་ཁང་སོགས་སུ་སྒེར་སྤྱོད་བྱས་ཡོད་སྐོར་དང་། དང་ཐོག་བྷན་ནོན་གྱིས་སྒེར་དོན་དུ་སྒོར་རྡོག་གཅིག་ཀྱང་མི་གཏོང་བར་ཞལ་འདེབས་ཆ་ཚང་ལས་གཞིའི་ཆེད་དུ་གཏང་རྒྱུ་ཡིན་པའི་ཁས་ལེན་བྱས་ཡོད་ཀྱང་། དོན་དངོས་ཐོག་བྱུང་འཛིན་རྫུན་བཟོ་བྱས་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་སྤྱི་དངུལ་སྒེར་སྤྱོད་བྱས་ཡོད་སྐོར་བརྗོད་ཡོད་འདུགགནད་དོན་དེའི་ཐད་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས། བྷན་ནོན་གྱི་ཞལ་འདེབས་བསྡུ་ལེན་གྱི་བྱ་འགུལ་དེའི་སྐོར་ཤེས་རྟོགས་གང་ཡང་མེད་ལ། དུས་ཡུན་རིང་པོར་བྷོན་ནོན་ལ་འབྲེལ་འདྲིས་བྱུང་མེད་ལུགས་དང་། མི་སྒེར་གྱི་ཚོགས་པ་ཞིག་གིས་དྲིལ་བསྒྲགས་ཀྱི་ལམ་ནས་དངུལ་བསྡུ་རུབ་བྱས་ཏེ། གནད་འགག་གི་ས་ཆ་ཞིག་ལ་ལྕགས་རི་ཆུང་ཆུང་དེ་འདྲ་ཞིག་རྒྱག་པར་ཁོང་མོས་མཐུན་མེད་ལ། ཁོ་ཚོས་དེ་ལྟར་བྱས་ནས་ཁོང་ལ་ཁ་སྐྱེངས་པོ་བཟོ་ཡི་ཡོད་པ་ཙམ་ཡིན་སྐོར་གསུངས་ཡོད་པ་རེད།

ཨ་རིའི་ལྷོ་རྒྱུད་མེག་སི་ཀོ་མཐའ་མཚམས་སུ་ལྕགས་རིས་བསྐོར་བའི་ལས་གཞི་དེ་ནི་ཊོམ་ཕུ་གཞུང་གི་གླེང་གཞི་ཆེ་ཤོས་ཤིག་ཡིན་ཡང་། ང་ཚོས་ལྕགས་རི་འཛུགས་ཞེས་པའི་ལས་གཞི་དེ་ནི་བྷ་རིན་ཁོལ་ཧྥག་(Brian Kolfage)ཅེས་པའི་དབང་པོ་སྐྱོན་ཅན་ཞིག་གིས་བཙུགས་ཏེ། ཕྱིས་སུ་ཨེན་ཌེའུ་བྷ་ཌོ་ལཱ་ཊོ་(Andrew Badolato)དང་ཊི་མོ་ཐི་ཤིའ་(Timothy Shea)ཞེས་པའང་མཉམ་ཞུགས་བྱས་ཡོད་པས་ཁོ་ཚོ་གསུམ་ཡང་འཛིན་བཟུང་བྱས་ཡོད་འདུགགཞན་ཡང་། བྷན་ནོན་དང་རྒྱ་རིགས་ཚོང་པ་གོ་ཝིན་ཀེ་གཉིས་མཉམ་འབྲེལ་གྱིས་བཙུགས་པའི་(GTV Media Group)ཞེས་པའི་གསར་ལས་ཁང་དེས་ཁྲིམས་ལྟར་དངུལ་འབབ་དཔྱ་ཁྲལ་སྤྲད་མེད་པ་སོགས་ཀྱི་དོགས་གཞིའི་འོག ཨ་རིའི་མཉམ་འབྲེལ་ཞིབ་དཔྱོད་ཁང་དང་དཔྱ་ཁྲལ་ལས་ཁུངས་གཉིས་ནས་ཞིབ་འཇུག་བྱེད་བཞིན་པའི་སྒང་ཡིན་འདུག་ལ། ཨ་རིའི་(JPMorgan Chase)དང་ (Wells Fargo)དངུལ་ཁང་དུ་ཡོད་པའི་གསར་ལས་ཁང་དེའི་དངུལ་རྣམས་བཀག་སྡོམ་བྱས་ཟིན་པ་དང་། ཨ་རིའི་དངུལ་ཁང་(Bank of America)གིས་ཀྱང་ཉེ་ཆར་སྒོ་འབྱེད་བྱས་པའི་གསར་ལས་ཁང་དེའི་དངུལ་བྱང་ཡང་སྒོ་བརྒྱབ་ཡོད་འདུག

ཆབ་སྲིད་པ་བྷན་ནོན་གྱིས་ཕྱི་ལོ་ ༢༠༡༦ ལོའི་སྲིད་འཛིན་ཊོམ་ཕུ་མཆོག་གི་འོས་བསྡུའི་གཙོ་འགན་འཁུར་ཏེ་རྒྱལ་ཁ་ཆེན་པོ་བླངས་ཡོད་པ་དང་། ཊོམ་ཕུ་མཆོག་ལ་རྒྱལ་ཁ་ཐོབ་རྗེས་བྷན་ནོན་ཕོ་བྲང་དཀར་པོའི་སློབ་སྟོན་པར་བསྐོ་བཞག་བྱས་ཡོད་ཀྱང་། སྲིད་འཛིན་མཆོག་དང་ལྟ་བ་ལངས་ཕྱོགས་མ་མཐུན་པར་བརྟེན། ཕྱི་ལོ་ ༢༠༡༧ ཟླ་ ༨ པའི་ནང་བྷན་ནོན་གནས་དབྱུང་བཏང་ཡོད་པ་རེད།

བསྟན་འཛིན་རབ་བརྟན་གྱིས་སྒྱུར་སྒྲིག་བྱས།

 

བསྐྱར་བཅོས།: ༢༠༢༠/༠༨/༢༡

Leave a Reply