སྐྱེ་རྒུ་མདོ་ཁྲི་འདུ་རྫོང་ནས་བོད་མི་གཉིས་འཛིན་བཟུང་བྱས།

སྐྱེ་རྒུ་མདོ་ཁྲི་འདུ་རྫོང་ནས་བོད་མི་གཉིས་གློ་བུར་དུ་འཛིན་བཟུང་བྱས་ཏེ་ད་ལྟའི་ཆར་གནས་སྟངས་གང་འདྲ་ཡོད་སོགས་གོ་ཐོས་མེད་པར་གྱུར་ཡོད་འདུགཁ་སང་བོད་ནང་གི་སྔ་དྲོའི་ཆུ་ཚོད་༩ ཡས་མས་སུ། བོད་མི་རྡོ་སྐྱབས་དང་ཁོང་གི་སྤུན་མཆེད་རྒྱལ་མཚན་གཉིས་ཀྱིས། སྐྱེ་རྒུ་མདོ་འཁྲི་འདུ་རྫོང་ཐོག་གི་ཟ་ཁང་ཞིག་ཏུ་ཟ་མ་ཟ་བཞིན་པའི་སྐབས་སུ། གློ་བུར་དུ་ཉེན་རྟོག་པ་གསུམ་ཡོང་ནས་ཁོང་གཉིས་འཛིན་བཟུང་བྱས་ཏེ་འཁྲི་འདུ་རྗོང་ ༦༨༣་བཀག་ཉར་ཁང་ཏུ་བཅུག་ཡོད་པ་དང་། ད་ལྟ་ཆར་ཁོང་གཉིས་ཀྱི་གནས་སྟངས་ག་འདྲ་ཡོད་སོགས་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་འདུག

འབྲེལ་ཡོད་ནས་བརྗོད་པ་ལྟར་ན། རྒྱ་ནག་གཞུང་གིས་མང་ཚོགས་ཀྱི་རྩྭ་སའི་བདག་དབང་གི་ས་འཛིན་ལག་དེབ་དེ་གཞུང་ལ་རྩིས་སྤྲོད་དགོས་སྐོར་བཀའ་རྒྱ་བཏང་ཡོད་ཀྱང་། བོད་མི་དེ་གཉིས་ཀྱིས་ས་ཐོ་ལག་འཛིན་གཞུང་ལ་རྩིས་སྤྲོད་བྱས་པ་ཡིན་ན། ཕ་ཤུལ་བུ་ཡིས་འཛིན་མ་ཐུབ་པ་དང་། བུ་རབས་ཚ་བརྒྱུད་ནས་བཟུང་ཚར་བ་རེད། ང་ཚོས་དུས་ནམ་ཡང་རྩིས་སྤྲོད་བྱ་རྒྱུ་མིན་ཞེས་བཤད་པར་བརྟེན། སྲིད་གཞུང་གི་བཀའ་བཀོད་ལ་མ་ཉན་པར་རྙོག་ཟིང་བཟོས་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་འདུག

ས་གནས་ཀྱི་འབྲེལ་ཡོད་ཅིག་གིས་འགྲེལ་བརྗོད་གནང་བ་ལྟར་ན། རྡོ་སྐྱབས་ནི་མི་ཡག་པོ་ཞིག་དང་ཁོང་ནི་ལོ་མང་རིང་ཆུ་དམར་ལེབ་རྫོང་འབྲོག་ལས་གཉིས་པའི་མགོ་འཁྲིད་ཡིན་པ་དང་། ནམ་རྒྱུན་ས་གནས་སུ་ཡོད་པའི་འབྲོག་ཁྱིམ་ཉམ་ཐག་ཚོ་ལ་ཧ་ཅང་གིས་རོགས་པ་བྱེད་ཀྱི་ཡོད་པ་མ་ཟད། ས་གནས་གཞུང་གི་རོགས་དངུལ་རྣམས་འབྲོག་པ་ཚོའི་ལག་ཏུ་དུས་ཐོག་འབྱོར་ཐུབ་མེད་པའི་སྐོར་གཞུང་ལ་སྙན་ཞུ་ཐེངས་མང་ཕུལ་མྱོང་ཡོད་འདུག

ཁོང་གཉིས་ནི་ཆུ་དམར་རྗོང་ཆིག་སྒྲིལ་གྲོང་རྡལ་སྐྱ་འཁྱོག་ཡུལ་ཚོའི་འབྲོག་ལས་གཉིས་པ་ནས་ཡིན་ཞིང་། རང་ལོ་ ༦༣ ཡིན་པའི་རྡོ་སྐྱབས་ལགས་ཀྱི་ཕ་མིང་ལ་ཚེ་ནོར་དང་། རང་ལོ་ ༤༣ ཡིན་པའི་རྒྱལ་མཚན་ལགས་ནི་ཚེ་ནོར་ལགས་ཀྱི་སྤུན་ཆུང་བའི་བུ་ཡིན་འདུག

འབྲེལ་ཡོད་གནས་ཚུལ། རྒྱ་གཞུང་གིས་བོད་མིའི་ས་ཐོ་ལག་འཛིན་ཕྱིར་བསྡུ་ཡི་འདུག

རྒྱ་གར་ལྷོ་ཕྱོགས་ས་གནས་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

བསྐྱར་བཅོས།: ༢༠༢༠/༠༨/༢༤

Leave a Reply

One thought on “སྐྱེ་རྒུ་མདོ་ཁྲི་འདུ་རྫོང་ནས་བོད་མི་གཉིས་འཛིན་བཟུང་བྱས།