ཞི་ཅིན་ཕིན་ལ་སྲིད་འཛིན་ཞེས་འབོད་མི་རུང་བའི་གྲོས་འཆར་བཏོན།  

ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ཞིག་གིས་དགྲ་བོའི་མིང་འདོན་གྲོས་འཆར་འོག་ཞི་ཅིན་ཕིན་ལ་སྲིད་འཛིན་ཞེས་འབོད་མི་རུང་པའི་གྲོས་འཆར་ཞིག་བཏོན་འདུག
ཁ་སང་ཕྱི་ཚེས་ ༢༡ ཉིན་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན།  ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་སི་ཁོ་ཊི་པེ་རི་(Scott Perry)ལགས་ཀྱིས། ཨ་རིའི་གྲོས་ཚོགས་ནང་དགྲ་བོའི་མིང་འདོན་གྲོས་འཆར་(Name the Enemy Act)འོག་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ལ་ཨ་རིའི་གཞུང་འབྲེལ་ཡིག་ཆ་དང་། གསར་ལམ་ཁག་ཏུ་སྲིད་འཛིན་ཞེས་མི་འབོད་པར།  རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་ཞེས་འབོད་དགོས་པའི་གྲོས་འཆར་ཞིག་བཏོན་འདུག
དེ་འབྲེལ་གནས་ཚུལ་ནང་། སི་ཁོ་ཊི་པེ་རི་ལགས་ཀྱི་གྲོས་འཆར་ནང་སྲིད་འཛིན་ཞེས་པའི་མིང་དེ་མི་མང་གིས་དམངས་གཙོའི་ལམ་ནས་བདམས་ཐོན་བྱུང་བའི་མགོ་འཁྲིད་ལ་ཐོབ་པ་ལས། མི་གཅིག་སྲིད་དབང་སྒེར་འཛིན་གྱི་མགོ་འཁྲིད་ལ་ཐོབ་ཀྱི་མེད་པས། ཞི་ཅིན་ཕིན་དམར་ཤོག་ཚོགས་པའི་དྲུང་ཆེ་ཙམ་ལས་མིན་པ་དང་།  རྗེས་ཕྱོགས་ཨ་རིའི་གཞུང་ནས་ཞི་ཅིན་ཕིན་ལ་སྲིད་འཛིན་ཞེས་ཨ་རིའི་གཞུང་གི་མ་དངུལ་འགྲོ་སོང་གཏོང་མི་ཆོག་རྒྱུ་སོགས་བཀོད་ཡོད་སྐོར་བརྗོད་འདུག
 ད་ལྟའི་ཆར་གྲོས་འཆར་དེར་གྲོས་ཚོགས་འཐུས་མི་ཁག་གིས་རྒྱབ་སྐྱོར་གནང་བཞིན་ཡོད་པ་དང་།  རྒྱལ་སྤྱིའི་གནད་དོན་དབྱེ་ཞིབ་པ་ཚོས་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཇེ་ངན་དུ་འགྲོ་བཞིན་པའི་སྐབས་འདིར། ཐེངས་འདིའི་གྲོས་འཆར་ལ་ཨ་རིའི་གྲོས་ཚོགས་ནང་རྒྱབ་སྐྱོར་ཐོབ་ནས་གཏན་འབེབ་བྱུང་བ་ཡིན་ན།  ཨ་རྒྱ་གཉིས་ཀྱི་འབྱུང་འགྱུར་འབྲེལ་ལམ་སླར་གསོ་མེད་པའི་གནས་སུ་ལྷུང་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་འདུག
ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་སི་ཁོ་ཊི་པེ་རེ་ལགས་ནི་ཨ་རིའི་མངའ་སྡེ་(Pennsylvania)ཡི་གྲོས་ཚོགས་འཐུས་མི་ཞིག་ཡིན་པ་དང་། ཁོང་གིས་འདི་ལོའི་ཕྱི་ཟླ་ལྔ་པའི་ནང་བོད་རང་སྐྱོང་ལྗོངས་དེ་རྒྱ་ནག་གི་འོག་ནས་རང་བཙན་ལྡན་པའི་རྒྱལ་ཁབ་ཅིག་ལ་ངོས་འཛིན་དགོས་པའི་གྲོས་འཆར་བཏོན་པ་མ་ཟད།  ཕྱི་ལོ་ ༢༠༡༩ ཟླ་ ༥ ནང་ཁོང་དང་ཨ་རིའི་གྲོས་ཚོགས་འཐུས་མི་ ༣༢ ནས། ཨ་རིའི་སྲིད་འཛིན་ཊོམ་ཕུ་གཞུང་གིས་ཕྱི་ལོ་ ༢༠༠༢ ལོའི་ཨ་རིའི་བོད་དོན་ཐོག་འཛིན་པའི་སྲིད་བྱུས་ལག་བསྟར་དང་བོད་ནང་འགྲོ་འོང་འདྲ་མཉམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཐོབ་ཡོད་པ་དང་། ད་ལྟ་ཁོང་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་ཚོགས་ཆུང་གི་རྒྱུན་ལས་ཀྱང་ཡིན་འདུག
གསར་འགོད་པ།   སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༨/༢༢

Leave a Reply