འོས་བསྡུ་དང་འབྲེལ་བའི་གཏམ་ནག་པོ་དགུ་སྦྱོར།

ཇོ་རུ། ཨོ་གླིང་།

དགུ་དང་པོ། བར་དོའི་ཁྱི་སྐད་འཛེར་འཛེར།

ཉེ་སྔོན་འོས་བསྡུ་འགན་འཛིན་གསུམ་ལྷན་བཞུགས་ཐོག་རྩ་འཛིན་ལམ་སྟོན་དོན་ཚན་ ༡༢ ཅན་ཞིག་སྒྲོག་སྦྱངས་དང་འབྲེལ་འོས་བསྡུའི་ལས་མགོ་བཙུགས་ཟིན་པའི་གསར་འགོད་གསལ་བསྒྲགས་གནང་རྗེས། བོད་པའི་གསར་འགྱུར་བརྒྱུད་ལམ་ཁག་དང་། ཡུ་ཀྲོབ་(youtube)དང་ངོ་དེབ་སོགས་མི་ཚང་མའི་མཐོང་ལམ་དུ་ཡོད་པའི་སྤྱི་ཚོགས་དྲ་རྒྱ་ཁག་དང་། དེ་བཞིན། ཋིལ་རྒི་རམ་(Telegram)དང་ཝ་ཙབ(WhatsApp)། སྐད་འཕྲིན་སོགས། དཔུང་དང་ཤོག་སྒྲིག་ནས་ལྐོག་ལྐོག་སུད་སུད་བཤད་སའི་དྲ་ཚོམས་དག་བཅས་སྤྱི་ཚོགས་དྲ་རྒྱའི་བརྒྱུད་ལམ་འདྲ་མིན་ཁག་ཏུ། དྲ་འབུར་གྱུར་བའི་བཙན་བྱོལ་བ་ཚོ་བསྐྱར་དུ་འུར་ཆིལ་ལེར་འགྲོ་མགོ་རྩོམ་བཞིན་འདུག

ཉེ་བའི་ཉིན་འགའི་རིང་སྒེར་ངོས་ནས་མདུན་མཆོངས་རྒྱག་མཁན་དང་རྒྱབ་ལོག་ནས་ཕུད་རྒྱག་གཏོང་མཁན་བཅས་ཁྱོན་སྲིད་སྐྱོང་འོས་མི་བརྒྱད་དགུ་ཞིག་དྲ་ཐོག་ལ་བཏོན་འདུག ད་ལོའི་སྲིད་སྤྱིའི་འོས་བསྡུ་འདི་ནི་དྲ་ཐོག་གི་ཟློས་གར་འཁྲབ་གཞུང་ཞིག་འཆག་སྲིད། འཁྲབ་གཞུང་ནང་གི་དྲ་དཔོན་གདུག་རྭ་ཅན་དག་གི་ལས་གཞི་ནི་སྲིད་སྐྱོང་འོས་མི་ཚོར་ཚོན་རྩི་སྣ་ཚོགས་བྱུགས་ཏེ་གཏོར་མ་དང་གླུད་འགོང་བཟོ་རྒྱུ་དང་། དྲ་འབངས་རིག་འཚོ་མ་ཟིན་པ་དག་གི་ལས་ཀ་ནི་ཕན་ཚུན་དཔུང་ཤོག་སྒྲིག་ཏེ་གཏོར་རྒྱག་དང་གླུད་གཏོང་བྱ་རྒྱུ་ཙམ་རེད། ད་དུང་དྲ་འདྲེ་རྒྱ་ཤིག་དག་གི་ལས་འགན་ནི་རིག་འཚོ་མ་ཟིན་པའི་དྲ་འབངས་ཚོའི་དབང་ལྔའི་རྩ་གནད་དག་ལ་སོ་བརྒྱབ་སྟེ་ས་ལྡིང་གནམ་ལྡིང་གིས་གླུ་ལེན་གར་འཁྲབ་བྱེད་འཇུག་རྒྱུ་བཅས་ཡིན་ངེས་རེད། ཟློས་གར་སྟེགས་བུའི་སྟེང་གི་འཁྲབ་སྟོན་གཙོ་སྐུ་སྲིད་སྐྱོང་འོས་མི་རྣམ་པས་ཀྱང་བར་དོའི་ལམ་ཡིག་ལྟ་བུའི་འོས་ཤོག་གྲངས་ཚད་རྨི་ལམ་ཏུ་སྒོམ་ཏེ་གཉིད་ཆག་ཟས་བརྗེད་ཀྱི་ངལ་བ་དང་དུ་ལེན་བཞིན་ཡོད་ངེས།

མ་གཞི་ང་རང་ཟློས་གར་འཁྲབ་གཞུང་འདིའི་ཟུར་ངོས་གང་ཞིག་ན་ཡོད་དམ། ངས་འདི་ལྟར་རྣོ་བསམ་བཏང་སྟེ་རང་ཉིད་འཚོལ་གྱིན་ཡོད། ང་རང་བཙན་བྱོལ་དུ་འབྱོར་དུས་ནི་འཆི་གསོན་བརྩིས་མེད་རྒྱབ་གཡུག་བྱེད་པའི་རང་ལོ་ཉི་ཤུའི་གསར་བུ་སྣང་མཐོ་ཞིག་ཡིན། ལར་རྒྱའི་དོན་དུ་ཁུ་ཚུར་འཕྱར་ཤག་ཤག་ཅིག་ཡིན། དུང་ཞེན་གྱི་ཆེད་དུ་མིག་ཆུ་གཏོང་ཆོག་ཆོག་ཅིག་ཡིན། དེ་ལྟར་ད་ལྟའི་བར་བཀའ་ཁྲི་དང་སྲིད་སྐྱོང་གི་འོས་ཤོག་ཀྱང་ཐེངས་གསུམ་ལ་བླུགས་ཟིན། དད་མོས་ཀྱིས་འོས་ཤོག་ཕུལ་ཡོད་སྲིད་ལ། ཨ་གསར་གྱིས་འོས་ཤོག་སྤུར་ཡོད་ངེས། སྦྲིད་འཐོམ་གྱིས་འོས་ཤོག་བོར་ཡང་ཡོད་པ་འདྲ། དེ་ལྟར་མི་ཚེ་ཕྱེད་ཙམ་རྡ་སའི་རི་ངོགས་དེར་གཏིམ་ཟིན་མཐར། ད་ནི་གཞོན་ནུའི་ཚོར་བའི་རླབས་རྩེ་འཇགས་ཟིན་པ་འདྲ། ལོ་ཡི་རྒས་གཉེར་རི་མོ་ཡང་བབ་ཡོད་པར་ངེས།

སྲིད་སྐྱོང་འོས་མི་དེ་དག་དྲ་ལམ་བརྒྱུད་མིག་ལ་མངོན་ཡོང་དུས། སོ་སོའི་ཨམ་ཕྲག་ནང་གི་སྒོར་རྡོག་ཚོའི་གྲངས་ཀ་དང་འདྲ་བར། བརྒྱ་ཤོག བཅུ་ཤོག ཁེར་ཤོག ཞོ་ཤོག་དང་སྐར་མ་སོགས་གང་ཡིན་མིག་བཤེར་ཙམ་གྱིས་ངོས་ཟིན་ཚོད་རེད། རིག་འཚོ་མ་ཟིན་པའི་དྲ་འབངས་ཚོ་དང་འདྲ་བར་སྲིད་སྐྱོང་འོས་མི་དེ་དག་གིས་སྐད་གསེང་མཐོན་པོས་གཞས་ག་རེ་ལེན་མིན་དང་། ལྡེམ་འཕྲུལ་དོད་པའི་གར་ཅི་ཞིག་འཁྲབ་མིན་ལ་གཅེར་ཏེ་གཞི་ནས་རིན་གོང་བརྒྱག་དགོས་པའི་ཚད་ལ་ཡེ་ནས་ལྷུང་མི་འདུག ང་ལ་མཚོན་ན་སོ་སོའི་འོས་ཤོག་གཅིག་པུ་གང་ལ་འཕེན་མིན་ནི་ཟློས་གར་འཁྲབ་གཞུང་འདིའི་སྔོན་འགྲོ་དང་དངོས་གཞིའི་གར་སྟེགས་འཁྲབ་སྟོན་གྱི་ཤུགས་རྐྱེན་ལ་འབྲེལ་བ་ཅི་གང་མི་འདུག དེ་བས། ངས་རྒྱང་ལྟ་བྱེད་ས་ནི་ཆབ་སྲིད་གར་མཁན་སྲིད་སྐྱོང་འོས་མི་དག་དང་། གློག་འོད་དང་སྒྲ་དབྱངས། རླངས་སྤྲིན་གྱི་རམ་འདེགས་བྱེད་མཁན་གར་གྲོགས་དྲ་དཔོན་རྣམས། ད་དུང་ཟ་ཟུར་ནས་འཁྲབ་གཞུང་ཧྲིལ་པོར་གཅོད་འབྲེག་གཏུམ་གསུམ་བྱ་ཨེ་ཐུབ་བལྟ་མཁན་དྲ་འབུ་རྒྱ་ཤིག་དག་བཅས་ནས། རིག་འཚོ་མ་ཟིན་པའི་དྲ་འབངས་དག་ལ་བྲན་བསྒྱུར་དང་། མཐོང་ཆུང་། བརྙས་བཅོས། རྩེད་ཆས་ཅི་ལྟར་བཟོ་མིན་གྱི་ལྟད་མོར་རོལ་མྱོང་བྱ་རྒྱུ་ཙམ་དང་། གར་སྟེགས་ཡོལ་བའི་རྒྱབ་ཏུ་ཡུབ་སྟེ་ཟློས་གར་ཧྲིལ་པོར་ཇུས་འགོད་སྒྲིག་སྦྱོར་བྱེད་མཁན་གྱི་ངོ་གདོང་མེད་པའི་འཁྲབ་འཁྲིད་པ་ཚོའི་རྨི་ལམ་ནང་གི་སྒྱུ་འཕྲུལ་ལྷ་མོ་དེའི་སྒྲེན་གཟུགས་འཚོལ་རྒྱུ་བཅས་ཡིན།

རིག་འཚོ་མ་ཟིན་པའི་དྲ་འབངས་ཚོ་ནི་དངོས་གནས་སྙིང་རྗེ་སྐྱེས་ཡུལ་ཞིག་རེད། ཁོ་ཚོས་རང་ཉིད་ཀྱི་ཐོབ་ཐང་དུ་རློམ་ཏེ་ང་རྒྱལ་གྱིས་སྤུར་གྱིན་པའི་འོས་ཤོག་རྐང་གཅིག་པུ་དེ་ནི། དོན་ལ་སོ་སོའི་ལུས་སེམས་ལ་མནར་གཅོད་གཏོང་བྱེད་ཀྱི་ཉལ་ཐ་ཙམ་ལས་ཅི་གང་མ་རེད། ཁོ་ཚོ་སྦྲིད་འཐོམ་དུ་གྱུར་ཏེ་སོ་སོའི་ལུས་སྟེང་གི་ལྭ་བའི་ཁ་དོག་དང་བཟོ་ལྟ། རྐང་ལྷམ་གྱི་ཆེ་ཆུང་དང་ལྕི་ཡང་སོགས་ཀྱང་རྟོགས་ཀྱིན་མེད་པར། ཆབ་སྲིད་གར་པ་ཚོའི་མདུན་ནས་ <<རྭ་ལོ>> བཞིན་སྣབས་འདོམ་པ་གང་དྲུད་དེ་སོ་སོ་ཡར་གཡུག་མར་འགྲིལ་གྱིས་ལུས་ཀྱི་ལྭ་ཐེད། ཡར་མཆོངས་མར་ལྡིང་གིས་རྐང་མགོའི་ལྷམ་རལ། ཐ་ན་ཁྱིམ་གྱི་ཆུང་མའང་གཞན་གྱིས་སྤྱད་ཟིན་ནའང་། ད་དུང་ཉི་འོད་ཀྱི་དྲོད་ཁོལ་འོག་ཏུ་འོས་ཤོག་གཅིག་པུས་གསང་དོར་བཟོས་ཏེ་སྒྲེན་པོར་གར་སྟེགས་སྟེང་ཚོར་བས་མཆོངས་རྩིས་བྱེད་ཀྱིན་ཡོད། ཐ་ན། སང་ལོ་དགུན་གཞུང་སླེབས་དུས་རང་ཉིད་མགོ་ཐང་ཡིན་པའང་ཚོར་གྱིན་མེད།

མ་གཞི་འཛམ་གླིང་ལོ་རྒྱུས་སྟེང་སྐྱོ་གར་མང་པོ་ཞིག་ཡང་དང་བསྐྱར་དུ་འཁྲབ་དགོས་དོན་གྱི་གཞི་རྩ་ཡང་། འདི་ལྟའི་རིག་འཚོ་མ་ཟིན་པའི་བྲན་འབངས་ཕོན་ཆེན་པོ་ཞིག་ཡོད་པས་རེད། ཁོ་ཚོར་སྨྱུག་མ་རྩེ་མདུང་ཞིག་ལག་ལ་གཏད་དེ་ཁྱོད་ནི་གེ་སེར་རྒྱལ་པོའོ་ཞེས་འབོད་ཚེ། མགོ་ཐུར་ལ་འཁོར་ནས་གཡེང་ལ་མཆོངས་འགྲོ་གི་རེད་ལ། ལུས་ལ་གཤིན་གོས་རལ་པོ་ཞིག་སྐོན་ཏེ་ཁྱོད་ནི་བྱང་ཆུབ་སེམས་དཔའ་འོ་ཞེས་བསྔགས་ཚེ། སྒྲེན་པོར་མི་ཚོགས་འཕྲེད་ཀྱིས་བཅད་དེ་རི་ཁྲོད་ལ་རྒྱུག་འགྲོ་གི་རེད། མདོར་ན་ཁོ་ཚོས་རང་ཉིད་ཅི་ལྟར་འཚོ་བཞིན་པའང་ཚོར་གྱིན་མེད་ལ། རང་ཉིད་སུ་ཞིག་ཡིན་པའང་གཏན་ནས་ཤེས་ཀྱིན་མེད། ཁོ་ཚོ་ནི་ཆབ་སྲིད་གར་པ་དག་གིས་སྒེར་ལ་སྤྲོ་བ་འཕེལ་ཆེད་ཁྱམས་རའི་ནང་གསོས་པའི་ཁྱི་ཨབ་སོག་དང་མཚུངས་པར་འགྲོ་འཆག་ཉལ་འདུག་ཙམ་ཞིག་དང་། ཆབ་སྲིད་གར་པ་དག་མཐོང་དུས་གདོང་པ་གཉེར་ཏེ་འཛུམ་ཆུང་རེ་དང་རྔ་གཡུག་རེ་བྱེད་ཤེས་པ་ཙམ་རེད། ཡིན་ནའང་། ཁོ་ཚོ་ཨབ་སོག་ལ་མི་དོ་བའི་ཆ་ནི་ཨབ་སོག་ལ་བདག་པོའི་སར་ནས་ལྟོ་འགྲང་ཚད་རག་གི་ཡོད་ལ། རིག་འཚོ་མ་ཟིན་པའི་བྲན་འབངས་སམ་དྲ་འབངས་དག་ལ་ཆབ་སྲིད་གར་པ་ཚོའི་ལག་ནས་ལྟོ་ཡང་རག་གི་མེད་པ་དེ་རེད། དོན་ལ་ཁོ་ཚོ་ནི་བར་དོའི་ཁམས་ནས་འཛེར་སྐད་རྒྱག་པའི་ཁྱི་ཚོགས་ཤིག་ལས་ཅི་གང་མ་རེད།

གནའ་མྱི་བོད་ཀྱི་གཏམ་ལ་ “སྐུད་པ་རིང་ན་ཆད་འགྲོ། སྐད་ཆ་རིང་ལ་འཁྱོལ་འགྲོ།” ཟེར་པ་ལྟར། ད་ནི་ཆབ་སྲིད་བར་དོ་ཐོས་གྲོལ་མ་འདི་ཙམ་གྱིས་ཆོག་པར་ཞུ། མཐའ་དོན། མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གིས་ “གྲོག་མ་མིག་མེད་བདེ་བའི་ཆེད་དུ་རྒྱུག། ས་འབུ་རྐང་མེད་བདེ་བའི་ཆེད་དུ་རྒྱུག། མདོར་ན་འཇིག་རྟེན་ཐམས་ཅད་བང་འགྲན་ནས།། གཅིག་ལས་གཅིག་མགྱོགས་བདེ་བའི་ཕྱོགས་སུ་རྒྱུག།” ཅེས་གསུངས་པ་ལྟར། སྤྱིར་སྐྱེ་འགྲོ་ཐམས་ཅད་ཀྱིས་རང་གཞན་བདེ་ཐབས་སུ་ཐོས་བསམ་བསྐྱེད། དཀལ་ལས་བརྒྱབ། འཚོ་བ་རོལ་གྱིན་པ་ཡིན་མོད། བཙན་བྱོལ་དྲ་འབངས་སམ་བྲན་འབངས་ཚོ་ནི་དེ་ལས་ལྡོག་སྟེ་རང་གཞན་སྡུག་ཐབས་སུ་ཨམ་གཙིགས་བསྡམས་ཏེ་ཤུགས་ཀྱིས་རྒྱུག་གིན་ཡོད་དེ། ཆབ་སྲིད་གར་པ་ཚོས་ལག་ཆར་སྤྱོད་ཀྱིན་པའི་ཆོལ་ཁ་དང་ཆོས་བརྒྱུད། ལུང་ཚན། གཞིས་ཆགས། གསར་འབྱོར། ཕོ་མོ། རྒན་གཞོན་སོགས་སྦྲིད་སྨན་ལྟ་བུའི་ཚིག་རིས་དག་ལ་ཤི་འཐམ་རོ་འཐམ་བྱས་ཏེ། བོད་སྤྱི་པའི་ཕུགས་ཀྱི་འཐབ་རྩོད་གཡུགས། གཞིས་བཞུགས་བོད་མིའི་རེ་བཞག་བོར། བཙན་བྱོལ་བོད་མིའི་ཆིག་སྒྲིལ་གཏོར། གྲོགས་པོའི་དབར་གྱི་མཛའ་བརྩེ་བརླགས། བཟའ་ཚང་བར་གྱི་འཆམ་མཐུན་ཉམས། མི་སྒེར་རང་གི་སེམས་ཁམས་དཀྲུགས། ད་དུང་རྒྱུ་དང་འབྱོར་བའི་གྱོང་གུད་འཁུར། ཀྱེ་མ་ཀྱི་ཧུད། རིགས་ཁྱུ་འདི་འདྲ་བར་སྨྲ་ཤེས་ཤིང་དོན་གོ་བ་མིའི་མཚན་ཉིད་ཅི་ལྟར་འཇོག་ཨང་། དེ་བས། འཛེར་སྐད་དིར་དིར་གྱི་བཙན་བྱོལ་དྲ་འབངས་དེ་ཚོ་ལ་ “རིག་འཚོ་མ་ཟིན་པའི་བྲན་འབངས” ཞེས་པའི་ཆོ་ལོ་འདི་འོས་ཤིང་འཚམས་པར་མཐོང་ངོ་། དོན་ལ་གནས་པར་སེམས་སོ། དེ་ལྟར་བཏགས་ཀྱང་འབོད་པར་བགྱིད་དོ། །

དགུ་གཉིས་པ། བར་དོའི་མང་གཙོ་འཁྱར་འཁྱོར། (མུ་འགོད།)

མཆན། གོང་གསལ་བསམ་ཚུལ་རྩོམ་ཡིག་དེ་ནི་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་ལྟ་བ་ལངས་ཕྱོགས་ཡིན་པས་མ་ཁྱབ། 

བསྐྱར་བཅོས།: ༢༠༢༠/༠༨/༢༦

Leave a Reply

4 thoughts on “འོས་བསྡུ་དང་འབྲེལ་བའི་གཏམ་ནག་པོ་དགུ་སྦྱོར།

  1. ཀ་རིང་དོན་གོ

    སྐུ་ངོའི་བྲིས་ནོ་ཧྲ་ཀི ལྷག་པར་དུ་སྡོམ་ཚིག་འདི་ “བཙན་བྱོལ་དྲ་འབངས་སམ་བྲན་འབངས་ཚོ་ནི་དེ་ལས་ལྡོག་སྟེ་རང་གཞན་སྡུག་ཐབས་སུ་ཨམ་གཙིགས་བསྡམས་ཏེ་ཤུགས་ཀྱིས་རྒྱུག་གིན་ཡོད་དེ། ཆབ་སྲིད་གར་པ་ཚོས་ལག་ཆར་སྤྱོད་ཀྱིན་པའི་ཆོལ་ཁ་དང་ཆོས་བརྒྱུད། ལུང་ཚན། གཞིས་ཆགས། གསར་འབྱོར། ཕོ་མོ། རྒན་གཞོན་སོགས་སྦྲིད་སྨན་ལྟ་བུའི་ཚིག་རིས་དག་ལ་ཤི་འཐམ་རོ་འཐམ་བྱས་ཏེ། བོད་སྤྱི་པའི་ཕུགས་ཀྱི་འཐབ་རྩོད་གཡུགས། གཞིས་བཞུགས་བོད་མིའི་རེ་བཞག་བོར། བཙན་བྱོལ་བོད་མིའི་ཆིག་སྒྲིལ་གཏོར། གྲོགས་པོའི་དབར་གྱི་མཛའ་བརྩེ་བརླགས། བཟའ་ཚང་བར་གྱི་འཆམ་མཐུན་ཉམས། མི་སྒེར་རང་གི་སེམས་ཁམས་དཀྲུགས། ད་དུང་རྒྱུ་དང་འབྱོར་བའི་གྱོང་གུད་འཁུར། ཀྱེ་མ་ཀྱི་ཧུད། རིགས་ཁྱུ་འདི་འདྲ་བར་སྨྲ་ཤེས་ཤིང་དོན་གོ་བ་མིའི་མཚན་ཉིད་ཅི་ལྟར་འཇོག་ཨང་། ” ཨ་ན་མ་ན་ཞིག་རེད་བཞག ཧཧཧཧཧཧ

  2. ཚེ་བརྟན་འགྱུར་མེད།

    རྩོམ་འདི་མ་ཀློག་ན་དགའ། ཡིད་མུག་རྒྱུ་ལས་གཞན་དོན་མིན་འདུག ནག་པོ་དགུ་སྦྱོར་དེ་མི་གཞན་ལས་ཕལ་ཆེར་མིན་སྲིད། དེ་ནི་རྩོམ་པོས་བསམ་སྦྱོར་ལས་བྲིས་པ་དང་བྲི་བྱ་ཡིན་པས་ཅི་ཕན། མདོར་བསྡུས་ན་ཁྱེད་རང་ཡང་དེའི་ནང་ཡོད། ང་ནི་དབུ་འཁྲིད་བཟང་པོའི་བསྐྱངས་པའི་ལེགས་ཉེས་འབྱེད་པའི་རྣམ་དཔྱོད་ཡོད་ལ་མིས་སྤྱི་ཚོགས་ཀྱི་རྦ་རླབས་ཀྱང་ཧ་གོ

  3. མི་མང་ཚོ་ 2021 འོས་ཤོག་ལ་ ཟབ་ཟབ་བྱེད་མ་གཏོགས་ དབུ་དཀར་ཚང་(བསྐལ་རྡོར་)ཟེར་མཁན་དེ་ སྲིད་སྐྱོང་ལ་སླེབ་ཡ་ཉན་ཁ་ཡོད་རེད་ད། ཁོང་ཚོ་གྲལ་ཏེ་ ཨ་སྒོར་ ས་ཡ་གཅིག་དང་ཕྱེད་ཀ དང་ ས་ཡ་ཉི་ཤུ་ཡིས་སྐད་ཆ་ཡོད་པ།། ད་ལན་་་ བཀའ་ཟུར་བློ་བཟང་སྙན་གྲགས་ལགས་དང་། བྲོང་ཆུང་དངོས་སྒྲུབ་ལགས་གཉིས་ཤུག་བརྒྱབ།

  4. བསོད་ནམས་རྒྱལ་མཚན།

    བློ་བཟང་སྙན་གྲགས་ལགས་ འུ་ཤོབ་མེད་པ་ཡག་པོ་འདུག 2021 ཤུག་བརྒྱབ། ང་ལ་སྲིད་སྐྱོང་གང་འདྲ་ཞིག་དགོས་ ? ! ! ! དབུ་མའི་ལམ་ལ་གདམ་བཅའ་རྟེན་པོ་ཟིན་མཁན། ཤེས་ཡོན་ལ་ཤུག་རྒྱག་མཁན། རྒྱལ་ཁབ་གཞན་གྱི་ཡིད་ཆེ་བློ་བཀལ་ཡོད་དོག་མེད་མཁན་ བོད་མི་མང་རང་གི་ཡིད་ཆེ་བློ་བཀལ་མཆོག་པ་ཡོད་མཁན། ༧གོང་ས་མཆོག་སར་མི་གང་བྱུང་འབྲས་དཀར་ཁྲབ་མཁན་འགྲོ་མ་བཅུག་པར་བཀག་ཐུབ་མཁན། ཁུག་ཀྱོག་ཁུག་ཀྱོག་ལ་མི་ཚང་ཉམས་ཐག་མི་རེ་ངོ་རེ་སར་ཐད་ཀར་འགྲོ་ཐུབ་མཁན། ལས་ཁུངས་ནང་(བྷཡི་བྷེན་དི་)དང་། མགོ་དེར་གཡོ་ཁྲུལ་ཚོ་ལ་ཐད་ཀར་བཛུབ་མོ་བཙུག་ཐུབ་མཁན། དབུ་མའི་ལམ་གཏོར་ཤིག་གཏོང་མཁན་ བོད་རང་བཙན་གཙང་མ་ ཁ་ལ་འཁྱེར་ནས་འབྲས་དཀར་ཁྲབ་མཁན་གྱི་ཚོགས་པ། བོད་སྤྱི་ལ་ཕན་ཐོག་མེད་པས་ཚོགས་པ་ཆ་ལེ་ཆོ་ལེ་ཚོ་ བཀག་ཐུབ་མཁན་ འོ་དེ་འདྲ་སྲིད་སྐྱོང་ཞིག་དགོས་ཡོད། སྐྱབས་སུ་འཆི། སྲིད་སྐྱོང་དེ་འདྲ་ཞིག་ཡོང་བར་ཤོག 🙏