ལྡི་ལི་ནས་འཇིགས་སྐུལ་བའི་དོཊ་གཞི་ཅན་ཞིག་འཛིན་བཟུང་བྱས།

རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་སྐྱེས་པ་ཞིག་འཛིན་བཟུང་བྱས་ཏེ་སྔོན་བཤེར་བྱས་སྐབས་མཚོན་ཆ་ཁ་ཤས་དང་འབར་རྫས་ཤིག་ལག་སོན་བྱུང་ཡོད་འདུགདེ་རིང་རྒྱ་གར་གྱི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། མདང་དགོང་མཚན་གུང་ཆུ་ཚོད་ ༡༡།༣༠ ཐོག རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ས་གནས་ཀཱ་རོལ་བག་(Karol Bagh)དང་དྷོ་ལ་ཀུ་བཱ་(Dhaula Kuan)གཉིས་ཀྱི་ལམ་བར་ཞིག་ནས། ཁ་ཆེ་འཇིགས་སྐུལ་དྲག་ཚོགས་ཨ་ཨེ་སི་ཨ་ཨེ་སི་ (ISIS)དང་འབྲེལ་བ་ཡོད་པའི་དོགས་གཞིའི་འོག་སྐྱེས་པ་མི་ཞིག་འཛིན་བཟུང་བྱས་ཡོད་པ་མ་ཟད། སྔོག་བཤེར་བྱེད་སྐབས་མཚོན་ཆ་ཁ་ཤས་དང་འབར་རྫས་ཤིག་ལག་སོན་བྱུང་ཡོད་འདུག

དེ་རིང་ཞོགས་པར་ལྡི་ལིའི་ཉེན་རྟོག་པས་བརྗོད་པ་ལྟར་ན། མི་དེའི་མིང་ལ་ཨབ་དུལ་ཡུ་ས་ཕ་ཁཱན་(Abdul Yusuf Khan)ཞུ་བ་དང་། ལྡི་ལིའི་ས་འབྲེལ་མངའ་སྡེ་ཨུ་ཏར་པ་ཪ་དེཤ་(Uttar Pradesh)ཡིན་འདུག ཁ་སང་མཚན་གུང་ཁོས་སྦག་སྦག་ཞིག་བཏང་སྟེ་འགྲོ་བཞིན་པའི་སྐབས་སུ་འཛིན་བཟུང་བྱས་ཏེ། ད་ལྟ་འཇིགས་སྐུལ་རིང་ལུགས་པར་དམིགས་བསལ་རྟོག་ཞིབ་སྡེ་ཚན་དུ་བསྐྱལ་ཟིན་པ་མ་ཟད། ལྡི་ལིའི་ས་གནས་ཁ་ཤས་ལ་གནས་སྐབས་རིང་དོགས་ཟོན་བྱེད་དགོས་པའི་ཉེན་བརྡ་ཡང་བཏང་འདུག

ཉེན་རྟོག་པས་མི་དེར་ལྡི་ལིའི་མི་ཁ་ཤས་དང་འབྲེལ་བ་ཡོད་པར་དོགས་པ་ཡོད་སྟབས་ད་དུང་འདྲི་རྩད་བྱེད་བཞིན་ཡོད་འདུག་ལ། ཉེན་རྟོག་པས་མི་དེ་འཛིན་བཟུང་བྱས་པའི་ཉེ་འགྲམ་གྱི་ས་གནས་སུ་ཞིབ་འཇུག་བྱས་སྐབས། སངས་རྒྱས་འཁྲུངས་པའི་སྐྱེད་ཚལ་ཞེས་པ་དེའི་ནང་ནས་འབར་རྫས་ཤིག་རྙེད་འདུག

རྒྱ་གར་ནང་འཇིགས་སྐུལ་དྲག་སྤྱོད་པའི་དོགས་གཞིའི་འོག་བསྟུད་མར་མི་ཁག་ཅིག་འཛིན་བཟུང་བྱས་ཡོད་པ་རེད། འདི་ལོའི་ཕྱི་ཟླ་ ༣ པར་རྒྱ་གར་ལྷོ་ཕྱོགས་བྷང་ལོར་ནས་སྨན་པ་ཁྱོ་ཤུག་གཉིས་འཛིན་བཟུང་གིས་འདྲི་རྩོད་བྱས་པ་བརྒྱུད། ཁ་ཆེའི་འཇིགས་སྐུལ་རིང་ལུགས་པ་དང་འབྲེལ་བ་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་མ་ཟད། ཁྱོ་ཤུག་གཉིས་ཀྱིས་རྒྱ་གར་ནང་ཁ་ཆེ་འཇིགས་སྐུལ་རིང་ལུགས་པའི་ལས་དོན་མང་པོ་ཞིག་གི་སྐོར་ཉེན་རྟོག་པར་བརྗོད་ཡོད་འདུག

ལྡི་ལིའི་གསར་འགོད་པ་ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༨/༢༢

Leave a Reply