ཡང་ཀེམ་གྱི་འཕྲོད་བསྟེན་གནས་སྟངས་ཛ་དྲག་རེད་ཟེར།

བྱང་ཀོ་རི་ཡའི་མགོ་འཁྲིད་ཀེམ་ཇོང་ཨུན་གྱི་འཕྲོད་བསྟེན་གནས་སྟངས་ཛ་དྲག་ཡིན་ལ་འདས་པའི་ཟླ་ཤས་ནང་ཀེམ་སྐོར་གྱི་པར་རིས་ཕྱིར་བསྒྲགས་བྱས་པ་ཚང་མ་རྫུན་མ་ཡིན་སྐོར་བརྗོད་འདུགདེ་རིང་སྔ་དྲོ་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་སྤེལ་བཞིན་པའི་ནང་། ལྷོ་ཀོ་རི་ཡའི་ཕྱོགས་ནས་ཤེས་རྟོགས་བྱུང་བ་ལྟར་ན། བྱང་ཀོ་རི་ཡའི་མགོ་འཁྲིད་ཀེམ་ཇོང་ཨུན་གྱི་འཕྲོད་བསྟེན་གནས་སྟངས་ཛ་དྲག་ཆགས་ཡོད་པ་དང་། ཁོ་ད་ལྟའི་ཆར་སྨན་ཁང་དུ་དྲན་པ་ཡལ་ཞིང་དབུགས་སྐྱོར་བརྒྱབ་ནས་བཞག་ཡོད་པ་མ་ཟད། ཀེམ་གྱི་སྲིང་མོ་ཀེམ་ཡོ་ཇོན(Kim Yo-jon)གྱིས་བྱང་ཀོ་རི་ཡའི་སྲིད་དབང་དང་རྒྱལ་སྤྱིའི་གནད་དོན་ཁག་གི་འགན་འཁུར་ལེན་རྒྱུའི་འཆར་གཞི་ཡོད་སྐོར་བརྗོད་འདུག

དེ་འབྲེལ་གནས་ཚུལ་ནང་། ལྷོ་ཀོ་རི་ཡའི་དེ་སྔའི་སྲིད་འཛིན་འདས་པོ་(Kim Dae-jung)ཀེམ་དྷེ་རྗོང་གི་ཆབ་སྲིད་དྲུང་ཆེ་དང་། སྐབས་དེའི་གཞུང་གི་ལས་ཁུངས་སྟངས་འཛིན་འགན་འཁུར་བ་ཁྲིན་སོང་མཱན་ (Chang Song-min)གྱིས་ལྷོ་ཀོ་རི་ཡའི་(The Korea Herald)གསར་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱས་པའི་ནང་། རྒྱ་ནག་གི་འབྲེལ་ཡོད་བརྒྱུད་ཤེས་རྟོགས་བྱུང་བ་ལྟར་ན། ཀེམ་གྱི་འཕྲོད་བསྟེན་གནས་སྟངས་ཛ་དྲག་ནང་ཡོད་པ་དང་། ད་དུང་ཤི་མེད་ན་ཡང་། འདས་པའི་ཟླ་ཤས་ནས་བཟུང་བྱང་ཀོ་རི་ཡའི་ཀེམ་སྐོར་གྱི་པར་རིས་དང་བརྙན་ཕྱི་ཕྱོགས་སུ་བཏང་བ་ཚང་མ་རྫུན་མ་ཡིན་སྐོར་བརྗོད་འདུག

ཡང་ཁོས། ད་ལྟའི་ཆར་བྱང་ཀོ་རི་ཡའི་ཀེམ་གྱི་སྲིད་དབང་རྒྱུན་འཛིན་པ་དངོས་སུ་བསྐོ་བཞག་བྱས་མེད་ཀྱང་། ན་ཚའི་དབང་གིས་ཀེམ་གྱིས་གནས་བབ་གང་ལ་ཡང་སྟངས་འཛིན་མི་ཐུབ་པ་མ་ཆགས་བར་དུ། ཁོ་རང་གི་ཉེ་འཁོར་མཐོ་རིམ་མགོ་འཁྲིད་དག་ལས་སུ་ལ་ཡང་ཡིད་ཆེས་མེད་པས་སྲིད་དབང་བློས་གཏོང་བྱ་རྒྱུ་མིན་ན་ཡང་། གནས་སྟངས་ཛ་དྲག་ཆགས་པ་ཡིན་ན་ཀེམ་གྱི་སྲིང་མོ་ཀེམ་ཡོ་ཇོན་ནས་བྱང་ཀོ་རི་ཡའི་སྲིད་དབང་འཛིན་རྒྱུའི་འཆར་གཞི་ཡོད་སྐོར་བརྗོད་འདུག

དེ་བཞིན་ལྷོ་ཀོ་རི་ཡའི་ཉིན་རེའི་གསར་ཁང་(The Korea Herald )གི་གནས་ཚུལ་ནང་། ལྷོ་ཀོ་རི་ཡའི་རྒྱལ་ས་སོལ་གྱི་གསང་བའི་ལས་ཁུངས་ནས་ཡུལ་དེའི་གྲོས་ཚོགས་འཐུས་མི་ཚོར། བྱང་ཀོ་རི་ཡའི་ཀེམ་གྱི་འཕྲོད་བསྟེན་གནས་སྟངས་དང་ཁོས་བྱང་ཀོ་རི་ཡའི་སྲིད་དབང་སུ་ལ་སྤྲོད་མིན་དང་། སུ་ཞིག་གིས་བྱང་ཀོ་རི་ཡའི་སྲིད་དབང་ལ་འགན་འཁུར་མིན་ཐད་དོ་སྣང་དགོས་པའི་བཀོད་ཁྱབ་བཏང་ཡོད་སྐོར་བརྗོད་འདུག

བྱང་ཀོ་རི་ཡའི་མགོ་འཁྲིད་ཀེམ་གྱི་འཕྲོད་བསྟེན་གནས་སྟངས་ཐད་འདི་ལོའི་ཕྱི་ཟླ་ ༤ པ་ནས་རྒྱལ་སྤྱིའི་སྟེང་གླེང་སློང་མང་པོ་བྱུང་ཡོད་པ་དང་། སྐབས་དེར་ཡང་ལྷོ་ཀོ་རི་ཡའི་ནང་རྟེན་གཞི་བྱས་ཡོད་པའི་བྱང་ཀོ་རི་ཡའི་ཉིན་རེའི་གསར་འགྱུར་ (Daily NK) གྱི་ནང་། ཀེམ་གྱིས་ཐ་མག་རྒྱུན་འཐེན་བྱེད་པ་དང་ཤ་རྒྱགས་དྲགས་པ། དེ་བཞིན་ལས་ཀ་བྱེད་ཡུན་རིང་དྲགས་པ་ལ་བརྟེན་སྙིང་ཁམས་དང་འབྲེལ་བའི་སྨན་བཅོས་བྱས་ཡོད་སྐོར་དང་། ཡང་གནས་ཚུལ་ཡོངས་ཁུངས་ཁ་ཤས་ནང་ཀེམ་གྱིས་ཡུལ་དེའི་སྤྲོད་སྐྱིད་ཁང་ཞིག་ཏུ་དབྱར་ཁའི་གུང་གསེང་བཏང་སྟེ་སྤྲོ་སྐྱིད་བཏང་ནས་ཡོད་པ་སོགས་བཤད་ཚུལ་མི་འདྲ་བ་མང་པོ་བྱུང་ཡོད་པ་རེད།

རྒྱལ་སྤྱིའི་སྟེང་ཀེམ་གྱི་འཕྲོད་བསྟེན་གནས་སྟངས་གླེང་སློང་ཆེན་པོ་བྱེད་དོན་ནི། ཀེམ་འདས་གྲོངས་སུ་སོང་བ་ཡིན་ན་ཡུན་རིང་སྒེར་གཅོད་བྱས་པའི་བྱང་ཀོ་རི་ཡའི་སྲིད་དབང་སུ་ལ་དབང་མིན་དང་། བྱང་ཀོ་རི་ཡའི་མ་འོངས་གནས་སྟངས་ག་འདྲ་ཆགས་མིན་གྱི་རྩོད་གཞི་ཆེན་མོ་ཞིག་ཆགས་ཡོད་པས་ཡིན་པ་དང་། རྒྱལ་སྤྱིའི་སྲིད་དོན་དབྱེ་ཞིབ་པ་ཚོས་ཀེམ་འདས་གྲོངས་སུ་སོང་བ་ཡིན་ན། བྱང་ཀོ་རི་ཡའི་སྲིད་དབང་དེ་ཀེམ་གྱི་སྲིང་མོ་ཀེམ་ཡོ་ཇོན (Kim Yo-jon)གྱིས་འཛིན་རྒྱུ་ཡིན་པའི་ཚོད་དཔག་དང་། ཁོང་མོར་ཀེམ་ཁྱིམ་ཚང་གི་ཁྲག་རྒྱུན་ཡོད་པ་ཙམ་མིན་པར། འདས་ལོ་ནས་བཟུང་ཁོང་མོ་གཞུང་འབྲེལ་གསར་ཁང་ནང་ཡང་ཡང་ཐོན་གྱི་ཡོད་པ་མ་ཟད། རྒྱལ་ཡོངས་ཀྱི་ཚོགས་འདུ་གཙོ་ཁག་གི་ནང་ཀེམ་དང་ལྷན་དུ་མཉམ་ཞུགས་བྱེད་ཡོད་སྐོར་བརྗོད་བཞིན་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར། 

ཀེམ་ཇོང་ཨུན་ཛ་དྲག་ནང་ལྷུང་ཡོད་པར་བཤད།

བྱང་ཀོ་རི་ཡ་གཞུང་གིས་ཀེམ་ཇོང་ཨན་གྱི་གནས་ཚུལ་སྤེལ།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༨/༢༤

Leave a Reply