ཧི་མ་ཅཱལ་ནས་གསང་ཉུལ་གྱི་དོཊ་གཞིའི་འོག་མི་གཉིས་འཛིན་བཟུང་བྱས།

ཁ་སང་ཕྱི་ཚེས་ ༢༤ ཉིན་ཧི་མ་ཅཱལ་མངའ་སྡེ་གཞུང་གིས་རྒྱ་མི་གསང་ཉུལ་བ་ལའོ་སང་ཟེར་བ་དེ་དང་དངུལ་གཏོང་ལེན་གྱི་འབྲེལ་བ་ཡོད་པའི་དོགས་གཞི་ཅན་གྱི་མི་གཉིས་འཛིན་བཟུང་བྱས་ཡོད་པ་མ་ཟད་དེའི་ནང་གི་གཅིག་བོད་རིགས་ཤིག་ཡིན་པའི་དོགས་པ་བྱེད་ཀྱི་འདུགདེ་འབྲེལ་གྱི་གནས་ཚུལ་ནང་། ཧི་མ་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྗེ་རམ་ཐཱ་ཀོར་ (Jai Ram Thakur) མཆོག་གིས། རྒྱ་མི་གསང་ཉུལ་བ་ལའོ་སང་ཟེར་བ་དེ་དང་དངུལ་གཏོང་ལེན་གྱི་འབྲེལ་བ་ཡོད་པའི་དོགས་གཞི་ཅན་ལན་ཧོ་(Lan Hoo)ཟེར་བ་ཞིག་དང་། སོ་ནོ་བྷང་ཊོ(Sonu Bangtoo) ཟེར་བ་ཞིག་འཛིན་བཟུང་བྱས་ཏེ། གསང་བའི་ལས་ཁུངས་ནས་ཞིབ་བཤེར་འདྲི་རྩད་བྱེད་བཞིན་ཡོད་ལ། ལན་ཧོ་ཞེས་པའི་བུད་མེད་དེ་རྒྱ་མི་ཞིག་ཡིན་པ་ངོས་འཛིན་ཐུབ་ཡོད་ཀྱང་། སོ་ནོ་བྷང་ཊོ་ཞེས་པ་དེ་རྒྱ་མི་ཞིག་ཡིན་དང་། ཡང་ན་བོད་མི་སྐྱབས་བཅོལ་བ་ཞིག་ད་དུང་ངོས་འཛིན་ཐག་གཅོད་ཐུབ་མེད་ན་ཡང་། ལའོ་སང་ཟེར་བ་དེས་མི་དེ་གཉིས་ཀྱི་དངུལ་བྱང་སྟེང་དངུལ་བཏང་ཡོད་པ་ར་འཕྲོད་བྱུང་ཡོད་པ་དང་། ད་ལྟའི་ཆར་ཧི་མ་ཅྰལ་གཞུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཕྱྭའི་སྲུང་སྐྱོབ་དམ་དུ་བཏང་ཡོད་པ་མ་ཟད། ཉེན་རྟོག་པ་རྣམས་ལ་སྐུ་ཕྱྭའི་བདེ་སྲུང་སྔར་ལས་ཚགས་ཚུད་དང་དོ་ནན་བྱ་དགོས་པའི་བཀོད་མངགས་གནང་ཡོད་སྐོར་གསུངས་འདུག

འདི་གའི་གསར་འགོད་པས་བོད་མིའི་སྒྲིག་འཛུགས་བདེ་སྲུང་དྲུང་ཆེ་ཀརྨ་རིན་ཆེན་ལགས་སུ་གནས་ཚུལ་དེའི་སྐོར་ལ་དེ་སྔོན་ནས་བདེ་སྲུང་ལས་ཁུངས་ལ་མཁྱེན་རྟོགས་ཡོད་མེད་དང་། ད་ལྟའི་ཆར་ གནད་དོན་དེར་རྒྱ་གར་གཞུང་དང་བདེ་སྲུང་ལས་ཁུངས་ནས་རྩད་གཅོད་ཞིབ་འཇུག་ག་འདྲ་གནང་གི་ཡོད་མེད་དྲིས་པར་ཁོང་གིས། ད་ལྟའི་ཆར་རྒྱ་གར་གཞུང་གིས་ཞིབ་འཇུག་བྱེད་བཞིན་ཡོད་སྟབས་ང་ཚོར་དེའི་སྐོར་ནས་ཞུ་རྒྱུ་གང་ཡང་མེད་མོད། བདེ་སྲུང་ལས་ཁུངས་ནས་ལའོ་སང་གི་སྐོར་ལ་དེ་སྔ་ནས་ཤེས་རྟོགས་བྱུང་ཡོད་པ་དང་། ༧སྐྱབས་མགོན་རིན་པོ་ཆེ་མཆོག་གི་༧སྐུ་ཕྱྭའི་ཐད་རྒྱ་གར་གཞུང་ནས་ཐུགས་གནང་ཤུགས་ཆེར་གནང་སྟེ་ལས་དོན་ཁག་ཇི་བཞིན་གནང་གི་ཡོད་པས། མི་མང་ནས་བློ་འཚབ་སོགས་གནང་དགོས་པ་གང་ཡང་ཡོད་པ་མ་རེད། ཅེས་བརྗོད་བྱུང་།

རྒྱ་གར་ཧིན་རྡུ་སི་ཐན་དུས་བབ་གསར་ཁང་གི་གནས་ཚུལ་ནང་། མི་དེ་གཉིས་ལས་ལན་ཧོ་ཟེར་བ་དེ་སྦིར་ནས་ཡིན་པ་དང་དྷ་རམ་ས་ལའི་ཉེ་འཁོར་ཞིག་ནས་འཛིན་བཟུང་བྱས་ཡོད་པ་དང་། བུད་མེད་དེ་ཡུན་རིང་སྦིར་དུ་མོ་རང་གི་བྱིས་པ་བུ་མོ་གཉིས་དང་ལྷན་དུ་བསྡད་ཡོད་ལུགས་དང་། སོ་ནོ་བྷང་ཊོ་ཟེར་བ་དེ་ཅོན་ཏ་ར་ཡི་བོད་པའི་སློབ་གྲྭ་ཞིག་གི་ནང་དགེ་རྒན་བྱེད་བཞིན་ཡོད་སྐོར་བརྗོད་འདུག་པ་མ་ཟད།  ཧིན་རྡུ་དུས་བབ་དང་ཧིན་རྡུ་སི་ཐན་དུས་བབ་ཀྱི་གནས་ཚུལ་ནང་དུ། སོ་ནོ་བྷང་ཊོ་ཟེར་བ་དེ་བོད་མིང་ལྟར་བྱས་ན་བསོད་ནམས་དབང་འདུས་སམ་ཡང་ན་བསོད་ནམས་དབང་ཕྱུག་ཡིན་ལུགས་བྲིས་འདུག་པ་མ་ཟད། ཁོ་ཕྱི་ལོ་ ༢༠༠༦ ལོར་སློབ་ཕྲུག་གི་ངོ་བོའི་ཐོག་བོད་ནས་རྒྱ་གར་དུ་བསླེབས་ཡོད་འདུག

ད་ལྟའི་ཆར་ལའོ་སང་དང་འབྲེལ་རྒྱ་གར་གཞུང་གིས་བོད་པའི་དགེ་འདུན་པ་ཁག་ཅིག་ལ་འདྲི་ཞིབ་བྱེད་བཞིན་ཡོད་པ་དང་། རྒྱ་གར་གཞུང་དང་ལྷག་པར་ཧི་མ་ཅྰལ་མངའ་སྡེའི་ངོས་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཕྱྭའི་བདེ་འཇགས་དང་འབྲེལ། རྒྱ་མི་ལའོ་སང་ཟེར་བ་དེ་དང་འབྲེལ་ཡོད་དོགས་གཞི་ཅན་ཚོར་ཞིབ་འཇུག་མཐར་ཕྱིན་པ་གནང་རྒྱུ་ཡིན་སྐོར་གསུངས་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༨/༢༥

Leave a Reply