བོད་རིགས་ཕོ་མོ་གཉིས་འཛིན་བཟུང་བྱས།

རྒྱ་ནག་གཞུང་གི་དྲ་བའི་སྒྲིག་ཁྲིམས་ཟེར་བར་གཏོར་བརླག་བཏང་ཡོད་པའི་ཉེས་མིང་གཡོགས་ཏེ་བོད་མཚོ་ལྷོ་ཁུལ་ནས་ཡིན་པའི་བོད་རིགས་བུད་མེད་ཅིག་དང་སྐྱེས་པ་ཞིག་འཛིན་བཟུང་བྱས་ཏེ་བཀག་ཉར་འོག་བཞག་ཡོད་འདུག སྤྱི་ཚོགས་དྲ་ལམ་ནས་ཐད་གཏོང་བརྒྱུད་བོད་རིགས་བུད་མེད་ཅིག་དང་སྐྱེས་པ་ཞིག་གིས་ཆགས་གཏམ་སྤེལ་བའི་ཉེས་མིང་འོག ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་གསེར་ཆེན་རྫོང་ཉེན་རྟོག་ཁང་གིས་བུད་མེད་དེ་འཛིན་བཟུང་བྱས་པ་དང་། ཕྱི་ཚེས་ ༡༡ ཉིན་སྐྱེས་པ་དེ་ཡང་འཛིན་བཟུང་བྱས་ཡོད་འདུག་ལ། རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་སྐོར་གྱི་ཆད་གཅོད་བཅའ་ཁྲིམས་ཀྱི་དོན་ཚན་རེ་བརྒྱད་པ་ཟེར་བའི་གཏན་འབེབས་ལྟར། བོད་མི་དེ་གཉིས་ཉིན་གྲངས་ ༡༣ རིང་བཀག་སྐྱིལ་བྱ་རྒྱུ་ཡིན་ལུགས་བརྗོད་འདུག

དྲ་འཕྲིན་གཞུང་དོན་ཁང་ཟེར་བས་དྲ་རྒྱའི་ཐད་གཏོང་ལས་རིགས་ཀྱི་ཆེད་དོན་བཅོས་སྒྲིག་དང་། ཚད་ལྡན་དོ་དམ་ལས་དོན་དང་ཕྱི་ལོ་ ༢༠༢༠ ལོའི་དྲ་བ་གཙང་སེལ་གྱི་ཆེད་དོན་ལས་འགུལ་ཞེས་པ་སྤེལ་སྐབས། འཛིན་བཟུང་བྱས་པའི་བུད་མེད་མཚོ་ལྷོའི་ལྷ་མོ་ཞེས་པ་དེས་གཞན་གྱི་དོ་ཁུར་ཡོང་ཆེད། ཐེངས་མང་པོར་བོད་རིགས་སྐྱེས་པ་མཚོ་ལྷོའི་ཨ་ཁོ་ཞེས་པ་ཞིག་ལ་བརྙན་འབྲེལ་བྱས་ཏེ། ཐད་གཏོང་གི་ལམ་ནས་ཁོ་གཉིས་ཀྱིས་ཆགས་གཏམ་དང་མདོ་མེད་ཉོག་གཏམ་མང་པོ་བཤད་པར་བརྟེན། ཐད་གཏོང་ལ་ལྟ་མཁན་མི་གྲངས་ཁྲི ༣ བརྒལ་ནས་རྒྱུན་ལྡན་གྱི་དྲ་རྒྱའི་སྒྲིག་ལམ་ལ་གཏོར་བརླག་ཚབས་ཆེན་བཟོས་ཡོད་སྐོར་བསྒྲགས་འདུག

འདས་ལོར་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཉེན་རྟོག་ཁང་གིས། དྲ་རྒྱའི་ཁོར་ཡུག་གཙང་སེལ་དང་བདེ་འཇགས་ཟེར་བའི་འོག བོད་མི་རྟ་མགྲིན་དང་ཧུའུ་ཙི་ཀི། མཚོ་སྔོན་བསྟན་མཚོ་ཞེས་པ་འགར་སྒྲིག་འགལ་ངང་མ་རབས་ཐ་ཤལ་གྱི་བརྙན་ཐུང་དང་ནོར་འཁྲུལ་གྱི་རིན་ཐང་ལྟ་ཕྱོགས་བསྒྱུར་སྒྲིག་དང་ཁྱབ་བསྒྲགས། དེ་བཞིན་བརྒྱུད་སྤེལ་བྱས་པའི་ཉེས་མིང་གཡོགས་ཏེ། གསེར་ཆེན་རྫོང་ཉེན་རྟོག་ཁང་གིས་ཆབ་སྲིད་སློབ་གསོ་སྤྲད་ཡོད་འདུགརྒྱ་ནག་གཞུང་གིས་གཏན་འབེབ་བྱས་པའི་དྲ་རྒྱའི་སྒྲིག་ཁྲིམས་ཟེར་བ་དེའི་ནང་། ཆབ་སྲིད་ཀྱི་གནད་དོན་ཡོད་པའི་ནང་དོན་དང་འཆལ་གཏམ་མི་བཤད་པ་དང་།  གསང་བ་དང་འབྲེལ་བའི་ནང་ཁུལ་གྱི་དཔྱད་ཡིག་དང་ཆགས་སྲེད། དུག་རྫས། དྲག་སྤྱོད་དང་འབྲེལ་བའི་བརྙན་སོགས་མི་སྐུར་བ། དམག་དོན་གྱི་དཔྱད་ཡིག་དང་རྒྱལ་ཁབ་ཀྱི་གསང་བ་དང་འབྲེལ་བའི་ཡིག་ཆ་མི་སྐུར་བ་སོགས་བཀོད་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༨/༢༥

Leave a Reply